ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཊོམ་དང་ཀིམ་གཉིས་སེན་ཏོ་ས་གླིང་ཕྲན་དུ་ཐུག་འཕྲད་བྱ་རྒྱུ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཕྱི་ཟླ་༦་ཚེས་༡༢་ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་གྱི་ལྷོ་སྣེ་རུ་ཆགས་པའི་སེན་ཏོ་ས་གླིང་ཕྲན་གྱི་ཁེ་ཕི་ལ་མགྲོན་ཁང་ཆེན་མོར་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་གཏན་ཁེལ། ད་ལྟ་ནས་སིང་ག་པུར་གྱི་གཞུང་གིས་སེན་ཏོ་ས་གླིང་ཕྲན་ལ་འགྲོ་འོང་བྱེད་པའི་མི་ལ་ཞིབ་བཤེར་དང་རྒྱ་ལམ་ཐོག་ཏུ་དམག་བཀྲམ་ནས་བདེ་འཇགས་སྲུང་སྐྱོབ་དམ་དུ་གཏོང་གི་ཡོད་ཅིང་། སིང་ག་པུར་གྱི་གཞུང་གིས་ཕྱི་ཟླ་༦་ཚེས་༡༠་ནས་༡༤་བར་དུ་ཁེ་ཕི་ལ་མགྲོན་ཁང་ཆེན་མོར་འདུ་འཛོམས་ཆེན་པོ་ཞིག་ཡོད། སིང་ག་པུར་གྱི་ཉེན་རྟོག་པ་ཚོར་མི་ལ་འདྲི་རྩད་བྱེད་ཆོག་པ་དང་གང་བྱུང་དུ་འགོག་ཆོག་པའི་དབང་ཚད་སྤྲོད་རྒྱུ་ཡིན། ཕྱི་ཚེས་༡༡་ནས་༡༤་བར་དུ་མཁར་གྲོང་རྒྱལ་ཁབ་དེའི་མཁའ་དབྱིངས་སུ་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ལྷག་པར་དུ་སེན་ཏོ་ས་གླིང་ཕྲན་གྱི་ཁེ་ཕི་ལ་མགྲོན་ཁང་ཆེན་མོའི་ཉེ་འཁོར་དུ་ཀོར་ཁའི་དམག་འགྲེམ་འཇོག་བྱེད་ཀྱི་ཡོད་པས་གསར་འགོད་པ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཁེ་ཕི་ལ་མགྲོན་ཁང་ཆེན་མོར་ཐུག་འཕྲད་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱས་པར་ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ས་གནས་གང་དུ་ཐུག་འཕྲད་བྱེད་ཀྱི་ཡོད་པ་གསལ་བསྒྲགས་བྱས་འདུག སིང་ག་པུར་གྱི་ཤང་རི་ལ་མགྲོན་ཁང་ཆེན་མོ་ལྟར་ཁེ་ཕི་ལ་མགྲོན་ཁང་ཆེན་མོ་ནི་རྒྱལ་སྤྱིའི་གནད་དོན་མི་སྣ་ཁག་འདུ་འཛོམས་བྱ་ཡུལ་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཐུག་འཕྲད་བྱ་ཡུལ། ད་དུང་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཁག་ལ་ཚོགས་འདུ་འཚོགས་ས་ཤིག་མིན་རུང་ཁེ་ཕེ་ལ་མགྲོན་ཁང་ཆེན་མོའི་ཆགས་ཡུལ་ལོགས་སུ་ཁེར་བཅད་ཅིག་ཡིན་པ་དང་ཉེ་འཁོར་དུ་ཁང་ཆེན་མཐོན་པོ་དང་ནགས་ཚལ་མེད་པ། མགྲོན་ཁང་དེའི་ཉེ་འཁོར་ཐམས་ཅད་གྷོལ་ཧྥོ་ལྒང་ལི་རྩེད་སའི་རྩྭ་ཐང་ཁོད་སྙོམས་ཡིན་པས་རྒྱང་ཐག་སྤྱི་ལེ་མང་པོར་བདེ་འཇགས་སྲུང་སྐྱོབ་པ་ཚོས་མཐོང་ཐུབ་པའི་དགེ་མཚན་ཡོད་པ་སྟེ། སེན་ཏོ་ས་གླིང་ཕྲན་དང་སིང་ག་པུར་གྱི་གྲོང་ཁྱེར་ཨ་མའི་བར་དུ་འབྲེལ་ལམ་གཙོ་བོ་རིང་ཚད་མཱི་ཊར་༧༡༠་ཐམ་པའི་ཟམ་པ་ཞིག་དང་ལྕགས་ཐག་འགྲུལ་འཁོར་ཞིག་ལས་མེད་པ་མ་རེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་ལྷན་དུ་ཕེབས་ཀྱི་ཡོད་པའི་ཨ་རིའི་སྲིད་དྲུང་ཆེ་མེཀ་ཕོམ་ཕི་འོ་དང་ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན། དབུས་གསང་བའི་ལས་ཁང་གི་མཐོ་རིམ་ལས་སྣེ་སོགས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་ཅིག་ཤང་རི་ལ་མགྲོན་ཁང་ཆེན་མོར་བཞུགས་འཆར་ཡོད་པ་དང་། ཨ་རིའི་ཕོ་བྲང་དཀར་པོས་ཕྱི་ཟླ་༦་ཚེས་༡༢་ཉིན་གྱི་སྔ་དྲོའི་ཆུ་ཚོད་༩་པར་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཀྱང་ཐུག་འཕྲད་གྲོས་མོལ་ཡུན་ཚད་དང་གྲོས་གཞི་ཅི་ཡིན་ཕྱིར་བསྒྲགས་བྱས་མེད་ཅིང་། ཨེ་ཤི་ཡའི་གཟའ་འཁོར་འདི་ཞེས་པའི་གསར་འགྱུར་དེབ་ལ་ཕྱི་འབྲེལ་མི་སྣ་ཚོས་བཤད་པ་ལྟར་ན་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ཨ་མི་རི་ཀ་བ་དང་ཡུ་རོབ་པ་ཚོར་གཏོགས་པའི་ས་ཁང་ཞིག་ཏུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་མིན་ཞེས་བྱང་ཀོ་རི་ཡས་གཏན་ནས་མོས་མཐུན་བྱས་མེད་པ་དང་། སིང་ག་པུར་གྱི་གཞུང་གིས་ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་མགྲོན་ཁང་ལོགས་སུ་བཞུགས་ཆོག ཐུག་འཕྲད་གྲོས་མོལ་ཡང་མགྲོན་ཁང་གཞན་ཞིག་ཏུ་བྱེད་ཆོག་ཅེས་ཁེ་ཕི་ལ་མགྲོན་ཁང་ཆེན་མོ་དང་ཤང་རི་ལ་མགྲོན་ཁང་ཆེན་མོ། ཧྥུ་ལར་ཊོན་མགྲོན་ཁང་ཆེན་མོ་གསུམ་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་མགྲོན་ཁང་དེ་དག་གི་བདག་པོ་རྣམས་སིང་ག་པུར་གྱི་ཡུལ་མི་དང་ཧོང་ཀོང་དུ་གནས་སྡོད་བྱེད་པའི་མ་ལེ་ཞི་ཡའི་འབྱོར་ལྡན་པ་ཞིག་ཡིན་ཞིང་། བྱང་ཀོ་རི་ཡར་མཚོན་ན་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་འདི་ལས་ལྷག་པའི་གནད་འགག་ཆེ་བ་ཅི་ཡང་མེད་པས། ཁོ་ཚོས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་གཉིས་བདག་པོ་ཨ་རི་བ་དང་ཡུ་རོབ་པ་ཡིན་པའི་ས་ཁང་ཞིག་ཏུ་ཐུག་འཕྲད་གྲོལ་མོལ་བྱ་རྒྱུ་མིན། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་ཐུག་འཕྲད་བྱ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་དང་། བྱང་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་པ་ཚོར་རང་གི་ཆེས་མཐོའི་འགོ་ཁྲིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཁོ་ན་མིན་པར་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོའི་ནང་མོལ་ལ་ཨ་མི་རི་ཀ་སོགས་ཀྱིས་ལྐོག་ཉན་བྱ་སྲིད་པའི་དོགས་པའི་དབང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG