ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཉི་ཧོང་གོང་མ་ཁྲི་བཤོལ།


༄༅།། འཛམ་གླིང་ཤར་ཕྱོགས་ཀྱི་ཉི་མའི་གྲོང་དུ་གྲགས་པའི་རྒྱལ་ཁབ་དེའི་གོང་མ་ཨ་ཀི་ཧི་ཏོ་གོང་མའི་ཁྲི་ལ་ཕེབས་ནས་ལོ་བཅུ་ཕྲག་གསུམ་གྱི་རྗེས་སུ་ཁྲི་བཤོལ་གནང་སྟེ། ད་ལྟ་དགུང་ལོ་༥༩་ལ་ཕེབས་པའི་ཁྲི་འཛིན་རྒྱས་སྲས་ན་རུ་ཧི་ཏོ་ཉི་ཧོང་གི་གོང་མའི་ཁྲི་ལ་ཕེབས། སང་ཉིན་གཟའ་ལྷག་པའི་ཉིན་ཉི་ཧོང་གི་གོང་མ་༡༢༦་པའི་ཁྲི་སྟོན་མཛད་སྒོ་འཚོགས་ནས་ཧེ་སིའི་ཁྲི་རབས་མཇུག་སྒྲིལ་དང་རཱེ་ཝའི་ཁྲི་རབས་འགོ་ཚུགས་ཀྱི་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༣༠་ཉིན་གོང་མའི་ཕོ་བྲང་དུ་གོང་མ་གཏན་ཞལ་གཉིས་དང་ཁྲི་འཛིན་རྒྱལ་སྲས་གཏན་ཞལ་ཟུང་། སྲིད་བློན་ཤཱིན་ཛོ་ཨ་བྷེ་སོགས་འདུས་ནས་གོང་མ་ཨ་ཀི་ཧི་ཏོའི་ཁྲི་བཤོལ་གྱི་མཛད་སྒོ་ཚོགས། ད་ནས་བཟུང་སྟེ་དགུང་གྲངས་༨༥་ལ་ཕེབས་པའི་གོང་མར་ཨ་ཀི་ཏི་ཧོར་གོང་མ་ཁྲི་ཟུར་ཨ་ཀི་ཧི་ཏོ་ཞེས་མཚན་འབོད་བྱ་རྒྱུའི་ཐག་བཅད། གོང་མའི་ཕོ་བྲང་གི་ཕྱི་ལོགས་སུ་ཆར་པའི་དཀྱིལ་དུ་ཉི་ཧོང་བ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བཅས་མི་མང་སྟོང་ཕྲག་འགའ་ཞིག་འདུས་ནས་རྟེན་འབྲེལ་ཞུས། གོང་མ་ཨ་ཀི་ཧི་ཏོས་རང་གི་ལས་འགན་རྣམས་ཚུལ་བཞིན་བསྒྲུབས་ཡོད། ཉི་ཧོང་མི་དམངས་ལ་སེམས་གཏིང་ནས་ཡིད་ཆེས་དང་བརྩི་བཀུར་ཡོད། ང་ལ་ཉི་ཧོང་གོང་མའི་ཁྲི་བསྐྱངས་རྒྱུའི་གོ་སྐབས་བྱུང་བ་ནི་བསོད་ནམས་ཆེན་པོ་ཡིན་བསམ་ཡོད། ང་དང་བཙུན་མོ་གཉིས་ཀས་ལྷག་བསམ་རྣམ་དག་གིས་སང་ཉིན་ནས་འགོ་ཚུགས་རྒྱུའི་ཉི་ཧོང་གི་རཱེ་ཝའི་ཁྲི་རབས་ལ་ལམ་ལྷོང་འབྱུང་རྒྱུའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་གསུང་བཤད་མདོར་བསྡུས་ཤིག་གནང་འདུག

ཉི་ཧོང་མི་དམངས་ཀྱིས་གོང་མ་ཁྲི་ཟུར་ཨ་ཀི་ཧི་ཏོ་ནི་མི་དམངས་དང་གོང་མའི་ཕོ་བྲང་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན། ཉི་ཧོང་གི་གོང་མ་སུ་གཅིག་དང་མ་འདྲ་བར་གོང་མ་ཨ་ཀི་ཧི་ཏོས་མི་དམངས་ལ་སེམས་ཐག་ཉེ་བོའི་འབྲེལ་བ་བཟུང་སྟེ་འཛམ་གླིང་དམགས་ཆེན་གཉིས་པའི་དུས་སུ་ཉི་ཧོང་གིས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱས་ནས་དམག་བརྒྱབ་པར་འགྱོད་བཤགས་དྲག་པོ་གནང་སོང་ཞེས་བསྔགས་པ་བརྗོད། ཉམས་ཞིབ་པ་ཚོས་མ་འོངས་པར་ཉི་ཧོང་གི་མི་རབས་གསར་པ་ཚོས་ཀྱང་གོང་མ་ཨ་ཀི་ཧི་ཏོ་ཞེས་དགའ་མགུ་ཡི་རང་གིས་གླེང་སློང་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། གོང་མ་གསར་པ་ན་རུ་ཧི་ཏོ་ལའང་ཡབ་རྒྱལ་པོ་ལྟར་ཉི་ཧོང་གི་གོང་མའི་ཁྲི་བསྐྱང་དགོས་པའི་གནོན་ཤུགས་ཐེབས་ཀྱི་ཡོད་ཅིང་། ༡༨༡༧་ལོར་གོང་མ་ཀོ་ཀ་ཁུ་ཁྲི་བཤོལ་གནང་ནས་བཟུང་། འདས་པའི་ལོ་༢༠༠་ལྷག་གི་རིང་ལ་ཉི་ཧོང་གི་གོང་མ་ཞིག་ཁྲི་བཤོལ་གནང་མྱོང་མེད། ཉི་ཧོང་གི་སྲོལ་རྒྱུན་ལྟར་ན་རྒྱལ་ཁབ་དེའི་གོང་མ་ནི་འོད་གསལ་ལྷ་ཡི་གདུང་རྒྱུད་དུ་རྩི་རུང་དེང་སྐབས་ཉི་ཧོང་གི་གོང་མ་རྣམས་ཀྱང་འགྲོ་བ་མི་སྤྱི་མཚུངས་དང་། ཁོང་ཚོར་ཉི་ཧོང་བའི་ལོ་རྒྱུས་ཀྱི་མཚོན་རྟགས་དབུ་ཁྲིད་ཅིག་གི་གོ་གནས་ལས་མེད། འོན་ཀྱང་ཉི་ཧོང་གི་གོང་མ་ཁྲི་ཟུར་ཨ་ཀི་ཧི་ཏོ་དང་བཙུན་མོ་མཱི་ཆི་ཀོ་གཉིས་ཀྱིས་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་ཉི་ཧོང་རྒྱལ་ཁབ་ཀྱི་མཚན་ཐོག་ཏུ་རྒྱལ་ཁབ་གཞན་ལ་འཚམས་འདྲིར་ཕེབས་པའམ། ཡང་ན་ཕྱི་རྒྱལ་གྱི་འགོ་ཁྲིད་རྣམ་པར་གསོལ་སྟོན་བཤམས་ནས་སྣེ་ལེན་ཞུ་བ་སོགས་རྒྱལ་ཁབ་ཀྱི་བྱེད་སྒོ་ཁག་གི་ལས་འགན་གང་ལེགས་གྲུབ། དེར་བརྟེན་གོང་མ་གཏན་ཞལ་ཟུང་ལ་ཉི་ཧོང་མི་དམངས་ཀྱི་སེམས་གཏིང་གི་གུས་ཞབས་དང་དགའ་མོས་ཐོབ།།

ལོ་ཤས་གོང་དུ་ཉི་ཧོང་གི་གོང་མ་ཨ་ཀི་ཧི་ཏོའི་སྙིང་ལ་བཤགས་བཅོས་དང་དེ་ནས་འབྲས་སྐྲན་གྱི་སྙུང་གཞི་བཞེས་པས་ཁྲི་བཤོལ་གནང་རྒྱུའི་དགོངས་པ་བཞེས། ༢༠༡༦་ལོར་གོང་མ་ཨ་ཀི་ཧི་ཏོས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ཡོངས་གྲགས་སུ་ཁྲི་བཤོལ་གནང་རྒྱུ་ཡིན་ཞེས་བསྒྲགས། དེ་ནི་གོང་མ་ཨ་ཀི་ཧི་ཏོས་ལོ་སུམ་ཅུ་ཐམ་པར་ཁྲི་བསྐྱངས་པའི་རིང་དེར་ཉི་ཧོང་མི་དམངས་ཀྱིས་གོང་མའི་གསུང་སྐད་ཐོས་པ་ཐེངས་གཉིས་པ་ཡིན། སྐབས་དེའི་གསུང་བཤད་ནི་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོར་གོང་མའི་ཁྲི་འཛིན་ལམ་སྲོལ་གྱི་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུས་པ་ཞིག་ཡིན་པས་༢༠༡༧་ལོར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོས་གོང་མའི་ཁྲི་འཛིན་ལམ་སྲོལ་གྱི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་གོང་མ་ཨ་ཀི་ཧི་ཏོ་ཁྲི་བཤོལ་གནང་རྒྱུའི་ཆོག་མཆན་བཀོད། ༢༠༡༨་ལོར་གོང་མ་ཨ་ཀི་ཧི་ཏོ་ཁྲི་བཤོལ་གནང་རྒྱུ་དང་ཁྲི་འཛིན་རྒྱལ་སྲས་ན་རུ་ཧི་ཏོ་ཉི་ཧོང་གི་གོང་མའི་ཁྲི་ལ་ཕེབས་རྒྱུ། ཉི་ཧོང་གི་གོང་མ་གསར་པའི་ཁྲི་རབས་ལ་མཚན་གནས་ཅི་ཞིག་གསོལ་དགོས་མིན་སོགས་ལ་གྲོས་བསྡུར་བྱས་འདུག

སྲིད་བློན་ཤིན་ཛོ་ཨ་བྷེས་གོང་མ་ཨ་ཀི་ཧི་ཏོས་རྒྱལ་ཁྲི་བསྐྱངས་པའི་རིང་ལ་ཉི་ཧོང་རྒྱལ་ཁབ་འདིར་དཀའ་ངལ་རབ་དང་རིམ་པ་ཞིག་ཕྲད་མྱོང་། ཡིན་ནའང་གོང་མ་མཆོག་དང་བཙུན་མོ་མཆོག་གིས་ཉི་ཧོང་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་རྐྱེན་ངན་གོད་ཆག་འོག་ཏུ་ཚུད་པའི་ཉི་ཧོང་མི་དམངས་ལ་སེམས་གསོ་གནང་སྟེ་རེ་བ་གསར་པ་ཞིག་སྦྱིན་ཡོད། གོང་མ་གཏན་ཞལ་གཉིས་ཀྱིས་ཉི་ཧོང་མི་དམངས་ལ་སྙིང་སྟོབས་སྤེལ་ཡོད་སོགས་ཀྱི་མཛད་རྗེས་ཆེན་པོ་བསྐྱངས་ཡོད་ཅེས་བསྔགས་བརྗོད་ཞུས། འདི་ནི་༡༩༩༥་ལོར་ཉི་ཧོང་གི་ཁོ་བྷེ་ས་ཁུལ་དུ་ས་འགུལ་བརྒྱུགས་ནས་མི་༦༥༠༠་ལྷག་ལ་འཆི་སྐྱོན་བྱུང་བར་གོང་མ་གཏན་ཞལ་གཉིས་དངོས་སུ་ས་གནས་དེར་ཕེབས་ནས་མང་ཚོགས་ཀྱི་མདུན་དུ་པུས་མོ་བཙུགས་ནས་སེམས་གསོ་བྱས་པ་དང་། ༢༠༡༡་ལོར་ཉི་ཧོང་ལ་ས་འགུལ་བརྒྱུགས་ནས་རྒྱ་མཚོ་བསྐྱོམས་ཏེ་མི་ཁྲི་ཚོ་༡་དང་སྟོང་ཕྲག་༦་ལྷག་ལ་སྲོག་སྐྱོན་བྱུང་བར་གོང་མ་གཏན་ཞལ་གཉིས་ཀྱིས་འདས་པོ་རྣམས་ལ་མྱ་ངན་དང་གསོན་པོ་ཚོར་སེམས་གསོ། ས་གནས་དེའི་མི་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་གནང་བ། གོང་མ་ཨ་ཀི་ཧི་ཏོས་རྒྱལ་རྒྱུད་དང་སྐུ་དྲག་སོགས་ཀྱི་མི་རྒྱུད་མ་ཡིན་པའི་མི་དམངས་དཀྱུས་མའི་བུ་མོ་ཞིག་ཁབ་ཏུ་བཞེས་ནས་ཉི་ཧོང་གི་སྲོལ་རྒྱུན་ལ་འགྱུར་བ་བཏང་བ་རྣམས་རླབས་ཆེན་གྱི་མཛད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

ཉི་ཧོང་གི་གོང་མ་ཨ་ཀི་ཧི་ཏོ་ནི་༡༩༣༣་ལོར་འཁྲུངས་པ་དང་༡༩༨༩་ལོར་གོང་མའི་ཁྲི་ལ་ཕེབས། ཁོང་གི་ཧེ་སེའི་ཁྲི་རབས་གོང་ཚུགས་པའི་ཕྱི་ལོ་སྟེ། ༡༩༩༠་ཐམ་པའི་ལོར་ལྷོ་ཀོ་རི་ཡའི་སྲིད་འཛིན་ནོ་ཐེ་ཝུ་ལ་རྒྱལ་ཁབ་ཀྱི་གསོལ་སྟོན་བཤམས། ཉི་ཧོང་གིས་ཀོ་རི་ཡར་བཙན་འཛུལ་བྱས་ནས་དུས་རབས་ཕྱེད་ཀ་ཡས་མས་སུ་དབང་སྒྱུར་བྱས་པར་བཟོད་གསོལ་ཞུས། ༡༩༩༢་ལོར་གོང་མ་ཨ་ཀི་ཧི་ཏོ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་པར་བཟོད་གསོལ་ཞུས། ད་དུང་གོང་མ་ཨ་ཀི་ཧི་ཏོ་གཏན་ཞལ་གཉིས་ཉི་ཧོང་གི་ཨོ་ཀི་ན་ཝ་གླིང་ཕྲན་དུ་ཉི་ཧོང་གི་དམག་འབུམ་༡་དང་ཁྲི་ཚོ་གཅིག མི་མང་དཀྱུས་མ་འབུམ་༡་ཡས་མས་ཤིག་གིས་གོང་མའི་དོན་དུ་རང་ས་བསྲུངས་ནས་ཚེ་སྲོག་ཤོར་པ་རྣམས་ལའང་མྱ་ངན་བྱེད་དུ་ཐེངས་འགའ་ཞིག་ཕེབས་ཤིང་། ད་ལྟ་ཉི་ཧོང་གཞུང་དང་གོང་མའི་ཕོ་བྲང་སོགས་ཀྱིས་གོང་མ་ཨ་ཀི་ཧི་ཏོར་གོང་མ་ཁྲི་ཟུར་ཞེས་མཚན་གནས་གསོལ་རུང་ཉི་ཧོང་མི་དམངས་ཀྱིས་གོང་མ་ཁྲི་ཟུར་ཨ་ཀི་ཧི་ཏོར་མི་དམངས་ཀྱི་གོང་མ་ཞེས་འབོད་ཀྱི་ཡོད་པ་རེད།།

XS
SM
MD
LG