༄༅།།དེང་སྐབས་ཨུ་རུ་སུར་འཛམ་གླིང་གི་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཆེན་མོ་ཚུགས་ཡོད་པ་དང་། ཕྱི་ཟླ་༦་ཚེས་༡༩་ཉིན་གྱི་རྩེད་འགྲན་ཐེངས་དང་པོ་ནི་ཉི་ཧོང་གི་རུ་ཁག་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཀོ་ལིམ་བྷི་ཡའི་རུ་ཁག་གཉིས་ཀྱིས་འགྲན་སྡུར་བྱས་ཏེ་ལྒང་ལི་གཉིས་དང་གཅིག་གི་ཁྱད་པར་ཐོག་ཏུ་ཉི་ཧོང་གི་རུ་ཁག་ལ་རྒྱལ་ཁ་ཐོབ། འཛམ་གླིང་གི་ས་ཕྱོགས་གང་དུ་འཛམ་གླིང་གི་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཚུགས་ཀྱང་རྒྱལ་སྤྱིའི་ལྟད་མོ་བ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ལྟད་མོ་བ་ཚོས་རང་རང་གི་རྒྱལ་ཁབ་དེའི་རྐང་རྩེད་ལྒང་ལིའི་རུ་ཁག་ལ་རྒྱབ་སྐྱོར་བྱེད་པར་ལྟད་མོ་བལྟ་རུ་འགྲོ་སྲོལ་ཡོད་ཅིང་། རྩེད་འགྲན་མཇུག་བསྒྲིལ་པའི་རྗེས་སུ་ལྟད་མོ་ཚོ་རང་རང་གི་མགྲོན་ཁང་ཁག་ལ་ཕྱིར་ལོག་བྱས་ནས་རྩེད་རའི་ནང་གི་གད་སྙིགས་ལ་གཙང་སྦྲ་མི་བྱེད་པའམ། ཡང་ན་གད་སྙིགས་བསྡུ་བའི་ལུགས་སྲོལ་མེད་ཀྱང་ཁ་སང་གཟའ་མིག་དམར་ཉིན་གྱི་རྩེད་འགྲན་རྗེས་སུ་ཉི་ཧོང་གི་ལྟད་མོ་བ་ཚོས་རྩེད་རའི་ནང་དུ་གཡུགས་པའི་ཇ་ཕོར་སྟོང་པ་དང་ཟས་རིགས་ཀྱི་གཏུམ་ཤོག་རྫོབ་པོ། སྐོམ་ཆུའི་འགྱིག་དམ་དང་ཟས་ལྷག་རྣམས་བསྡུས་ནས་རང་ཉིད་སྡོད་ཤུལ་ལ་གཙང་སྦྲ་བྱས་ཏེ་འཛམ་གླིང་མི་དམངས་ལ་མིག་དཔེ་བཟང་པོ་ཞིག་བསྟན། སྤྱིར་ཉི་ཧོང་བ་མིན་པའི་མི་རིགས་གཞན་གྱི་ནང་དུའང་ས་གནས་གང་སར་གད་སྙིགས་མི་འདོར་བའི་གོམས་གཤིས་བཟང་པོ་འཇགས་ཡོད་པ་ཇི་སྙེད་ཅིག་ཡོད་ཀྱང་གད་སྙིགས་བསྡུ་སའི་འགྱིག་ཤོག་ཁུག་མ་མཉམ་དུ་འཁྱེར་ཡོད་པ་ནི་ཉི་ཧོང་བ་ཚོ་ཡིན་པ་སྟེ། ཕྱི་ཚེས་༡༩་ཉིན་ཀོ་ལིམ་བྷི་ཡ་དང་ཉི་ཧོང་གི་རུ་ཁག་གཉིས་ཀྱི་འགྲན་སྡུར་རྗེས་སུ་ཉི་ཧོང་གི་ལྟད་མོ་བ་ཚོས་མཉམ་དུ་འཁྱེར་ཡོད་པའི་འགྱིག་ཤོག་ཁུག་མའི་ནང་དུ་རྩེད་རའི་ནང་གི་གད་སྙིགས་བསྡུས་ཡོད་པར་མ་ཟད། འཛམ་གླིང་གི་རྐང་རྩེད་ལྒང་ལིའི་འགྲན་སྡུར་སྐབས་སུ་ཧུ་ལི་གྷན་ཞེས་རྒྱལ་ཁབ་སོ་སོའི་ལྟད་མོ་བ་ཚོས་རུ་ཚོགས་བཙུགས་ནས་རང་རང་གི་རུ་ཁག་ལ་རྒྱབ་སྐྱོར་དང་། རྒྱལ་ཁབ་གཞན་གྱི་ཧུ་ལི་གྷན་རུ་ཚོགས་ལ་འཛིང་རེས་བྱེད་པའི་སྲོལ་རྒྱུན་ཞིག་དར། ཡིན་ནའང་ཉི་ཧོང་གི་ཧུ་ལི་གྷན་ཚོས་གཏན་ནས་འཁྲུག་འཛིང་བྱེད་སྲོལ་མེད་པ་ལྟར་ད་ཐེངས་ཀྱང་ཉི་ཧོང་གི་ཧུ་ལི་གྷན་ཚོས་འཁྲུག་འཛིང་མ་བསླངས་པར་བཟང་སྤྱོད་མིག་དཔེར་འོས་པ་ཞིག་སྟོན་རྒྱུ་འཐུས་ཤོར་སོང་མེད་ཅིང་། ཉི་ཧོང་དུ་བཅའ་སྡོད་གསར་འགོད་པ་མེཀ་ཨིན་ཊི་ཡེར་གྱིས་ཉི་ཧོང་བ་ཚོས་རྐང་རྩེད་ལྒང་ལིར་ལྟད་མོར་བལྟ་བའི་དུས་སུ་སྤྱོད་པ་བཟང་པོ་བྱེད་དགོས་པ་དང་གད་སྙིགས་གཙང་སྦྲ་བྱེད་སྲོལ་ཡོད་པ་ནི་རྐང་རྩེད་ལྒང་ལིའི་ལྟད་མོ་བ་ཚོ་གཅིག་པུར་འཇགས་པའི་གོམས་སྲོལ་ཞིག་མིན། ཉི་ཧོང་བའི་རིག་གཞུང་གི་ནང་དུ་ཀུན་སྤྱོད་བཟང་པོ་དང་གཙང་སྦྲ་བྱ་དགོས་པའི་གོམས་གཤིས་གཏིང་ཟབ་ཅིག་འདུག འདི་ལ་མི་རིགས་མང་པོ་ཞིག་ངོ་མཚར་སྐྱེ་བཞིན་པ་ལྟར་ཉི་ཧོང་བ་ཚོར་ངོ་མར་ཐུན་མོང་མ་ཡིན་པའི་གཤིས་ཀ་ཞིག་འདུག མི་མང་པོ་ཞིག་གིས་རྐང་རྩེད་ལྒང་ལི་ནི་རིག་གཞུང་གི་མཚོན་དོན་ཞིག་ཡིན་ཞེས་ཟེར་སྲོལ་ཡོད་པ་ང་ཚོས་ཐོས་མྱོང་ཡོད་མོད། འོན་ཀྱང་ཉི་ཧོང་བ་ཚོར་རྐང་རྩེད་ལྒང་ལི་ཁོ་ན་མིན་པར་རྩེད་རིགས་གང་འདྲ་ཞིག་ཡིན་རུང་ཀུན་སྤྱོད་བཟང་པོ་དང་གཙང་མ་ཞིག་རྩེད་དགོས་པའི་འདུ་ཤེས་ཤིག་ཉི་ཧོང་གི་སྤྱི་ཚོགས་ཧྲིལ་བོར་ཁྱབ་འདུག་ཅེས་བཤད། ད་ལོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་སེ་ན་གྷེལ་གྱི་རྐང་རྩེད་ལྒང་ལིའི་རུ་ཁག་གི་རྒྱབ་སྐྱོར་པ་ཚོས་ཀྱང་རྩེད་རའི་ནང་གི་གད་སྙིགས་བསྡུས་ནས་བཟང་སྤྱོད་ཀྱི་རྣམ་པ་ཞིག་བསྟན་རུང་ཐོག་མར་མིག་དཔེ་སྟོན་མཁན་ནི་ཉི་ཧོང་བ་ཡིན་ཞིང་། དཔེར་ན་མི་ཞིག་གིས་རང་གི་ཟས་ལྷག་དང་ཇ་ཕོར་སྟོང་པ། སྐོམ་ཆུའི་འགྱིག་དམ་སོགས་རྩེད་རའི་ནང་དུ་བཞག་ནས་འགྲོ་བ་མཐོང་ཚེ། ཉི་ཧོང་བ་ཚོས་རྟག་ཏུ་མི་དེར་རང་གི་གད་སྙིགས་རྣམས་བསྡུ་དགོས་པའི་རེ་བ་འདོན། དེར་བརྟེན་ཕ་རོལ་པོ་ཡང་ཡ་ང་བ་དང་ངོ་ཚ་ནས་རང་གི་གད་སྙིགས་རྣམས་ཤུལ་དུ་བསྐྱུར་མི་ཐུབ་པར་འགྱུར། གསར་འགོད་པ་མེཀ་ཨིན་ཊི་ཡེར་གྱིས་ཉི་ཧོང་བ་ཚོར་བྱིས་པའི་དུས་ནས་རང་གི་གད་སྙིགས་བསྡུ་དགོས་པ་དང་ཀུན་སྤྱོད་བཟང་པོ་བྱ་དགོས་པའི་སློབ་སྟོན་བྱས་ནས་གོམས་གཤིས་བཟང་པོ་ཞིག་འཇགས་འདུག་ཅེས་བཤད། ཨོ་ས་ཀ་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་སློབ་དཔོན་སི་ཀོ་ཊི་ནོར་ཐེས་ཀྱང་རྐང་རྩེད་ལྒང་ལིའི་འགྲན་སྡུར་གཞུག་ཏུ་རྩེད་རར་གཙང་སྦྲ་བྱ་དགོས་པ་ནི་ཉི་ཧོང་བ་ཚོར་གསར་དུ་འཇགས་པའི་བཟང་སྤྱོད་ཀྱི་གོམས་གཤིས་འཐོལ་པ་ཞིག་རེད། ཉི་ཧོང་བ་ཚོར་གཙང་སྦྲ་དང་ཐོན་སྐྱེད་བསྐྱར་སྤྱོད། འཕྲོད་བསྟེན་དང་རང་བྱུང་ཁོར་ཡུག་ལ་གཅེས་སྐྱོང་བྱ་དགོས་པའི་འདུ་ཤེས་ཤིག་འཇགས་ཡོད་པ་སྤོབས་པའི་ངང་དུ་འཛམ་གླིང་མི་དམངས་ལ་ཁྱབ་སྤེལ་གཏོང་གི་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཆེན་མོ་ལྟ་བུའི་དུས་སྐབས་འདིར་མི་རིགས་འདྲ་མིན་དང་རྒྱལ་ཁབ་འདྲ་མིན་གྱི་སྤྱི་དམངས་རྣམས་མཉམ་དུ་འདུ་བཞིན་ཡོད་པས་སྐྱེ་འགྲོ་ཡོངས་ལ་འཚོ་གནས་བྱ་ཡུལ་སའི་གོ་ལ་གཅིག་ལས་མེད་པ་འདིར་གཅེས་སྐྱོང་བྱ་དགོས་པ་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་གོ་རྟོགས་སྤེལ་དགོས། འདི་ནི་འཛམ་གླིང་གི་རྐང་རྩེད་ལྒང་ལིའི་འགྲན་སྡུར་ཆེན་མོའི་གཟེངས་སུ་མཐོ་བའི་ཁྱད་ཆོས་ཡིན་ཞེས་བཤད་དོ།།