ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇཱོན་བྷོལ་ཊོམ་གྱི་དེབ་གསར་པ་དང་ཨ་རིའི་སྲིད་འཛིན།


ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡངས་བདེ་འཇགས་སློབ་སྟོན་པ་ཟུར་པ་ཇཱོན་བྷོལ་ཊོན་གྱིས་བྲིས་པའི་དཔེ་དེབ་གསར་པ་ཞིག་ཡུན་རིང་འགོར་པར་འགྲེམ་སྤེལ་བྱ་འཆར་ཡོད་ཅིང་། དཔེ་དེབ་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་སྲིད་འཛིན་འོས་མིའི་ཁ་གཏད་པར་འགྱུར་སྲིད་པའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་སྟེ། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌནཕ་བུ་གཉིས་ལ་ཡུཀ་རེན་གྱི་གཞུང་གིས་བརྟག་དཔྱད་བྱ་དགོས། ཞིབ་འཇུག་མ་བྱས་ན་ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པ་འགོག་སྲིད་པའི་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་འཁོད་འདུག་ཅེས་ཨ་རིའི་ནེའུ་ཡོག་དུས་བབགསར་ཁང་གིས་གནས་ཚུལ་སྤེལ་འདུག

ཨ་རིའི་སྲིད་འཛིན་གྱིས་རང་གི་ཆབ་སྲིད་ཁེ་ཕན་ཆེད་དུ་ཡུཀ་རེན་ལ་གནོན་ཤུགས་སྤྲད་ནས་དབང་ཆ་བཀོལ་སྤྱོད་ལོག་པ་བཏང་ཡོད་མེད་ལ་ཨ་རིའི་གྲོས་ཚོགས་འོག་མས་ཞིབ་འཇུག་བྱས་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཊམ་ལ་འབྲེལ་བ་ཡོད་པའི་ལས་སྣེ་ལས་མང་པོ་ཞིག་ལ་འདྲི་ཞིབ་ཚོགས་འདུ་ཚོགས མཐར་གྲོས་ཚོགས་འོག་མས་མང་མོས་ཀྱི་འོས་ཤོག་འཕངས་ཏེ་སྲིད་འཛིན་ལ་ཉེས་འཛུགས་བྱ་རྒྱུའི་ཐག་གཅོད་བྱས་ཟིན། ད་ལྟ་གྲོས་ཚོགས་འོས་མས་སྲིད་འཛིན་ལ་ཉེས་འཛུགས་བྱས་པའི་དོན་ཚན་ཁག་ལ་གྲོས་ཚོགས་གོང་མས་ཁྲིམས་བཤེར་ཇི་ལྟར་བྱ་དགོས་མིན་བགྲོ་གླེང་བྱེད་བཞིན་ཡོད་པ་རེད། གལ་སྲིད་སྲིད་འཛིན་ལ་ནག་ཉེས་བཙུགས་ནས་གནས་དབྱུང་གཏོང་དགོས་ན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སུམ་ཆའི་གཉིས་ཀྱིས་ཉེས་འཛུགས་ལ་མོས་མཐུན་རྒྱབ་སྐྱོར་འཐོབ་དགོས

ད་ལྟ་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༡༠༠ཡོད་པ་དེ་དག་གི་གྲས་སུ་སྲིད་འཛིན་དང་སྲིད་དོན་ཚོགས་པ་གཅིག་པ་སྤྱི་མཐུན་ཚོིགས་པ་འཐུས་མི་༥༣་དང་དམངས་གཙོ་ཚོགས་པར་འཐུས་མི་༤༧་ལས་མེད་ར་བརྟེནཉམས་ཞིབ་པ་ཚོས་ཨ་རིའི་གྲོས་ཚོགས་གོང་མས་སྲིད་འཛིན་གནས་དབྱུང་གཏོང་མི་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་ནེའུ་ཡོག་དུས་བབ་ལ་ཇཱོན་བྷོལ་ཊོན་བྷོ་གྱི་དཔེ་དེབ་གསར་པ་འགྲེམ་སྤེལ་བྱ་གྲབས་ཡོད་པའི་གསར་འགྱུར་ཐོན་པའི་རྗེས་སུ་ཨ་རིའི་དམངས་གཙོ་ཚོགས་པའི་མི་སྣ་ཚོས་གནས་ཚུལ་འདི་སྒྲུབ་བྱེད་བཀོད་ནས་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཟུར་པ་ཇཱོན་བྷོལ་ཊོནསོགས་ཕོ་བྲང་དཀར་པོའི་ལས་བྱེད་པ་ཟུར་པ་ཚོར་གྲོས་ཚོགས་གོང་མས་འདྲི་ཞིབ་བྱ་དགོས་ཞེས་དགོས་འདུན་བཏོན་འདུག

ཉེ་ཆར་ཨ་རིའི་སྲིད་འཛིན་ལ་ཉེས་འཛུགས་བྱས་ཡོད་པ་དེར་གྲོས་ཚོགས་གོང་མས་བགྲོ་གླེང་བྱུང་། གྲོས་ཚོགས་འོག་མའི་སྐུ་ཚབ་ཀྱིས་ཉིན་གྲངས་གསུམ་ལ་ཨ་རིའི་སྲིད་འཛིན་གྱིས་ཡུཀ་རེན་གྱི་སྲིད་འཛིན་ལ་ཐུག་འཕྲད་ཀྱི་སྐབས་སུ་གནོན་ཤུགས་སྤྲད་པའི་གནས་ཚུལ་འགྲེལ་བཤད་བརྒྱབ། དེ་ལ་སྲིད་འཛིན་ཊམ་གྱི་དག་འབུད་ཁྲིམས་རྩོད་པ་ཚོས་དགག་པ་བརྒྱབ་ནས་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་ཀྱི་སྐབས་སུ་ཆ་རྐྱེན་འདོན་རེས་བྱས་པའི་གནས་ཚུལ་ཅི་ཡང་བྱུང་མེདཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་བྱ་རྒྱུ་ནར་འགྱངས་བཏང་མེད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྱུར་སྲིད་པ་བྷ་ཌན་ཕ་བུ་གཉིས་ལ་ཞིབ་འཇུག་དགོས་ཟེར་པ་གཉིས་འབྲེལ་བ་མེད་ཅེས་རྒྱུ་མཚན་འགྲང་གི་ཡོད་མོད། འོན་ཀྱང་ཇཱོན་བྷོལ་ཊོན་གྱིས་པར་དུ་བསྐྲུན་བྱ་འཆར་ཡོད་པའི་དེབ་ཀྱི་ནང་དོན་ཁག་ཅིག་ནེའུ་ཡོཀ་དུས་བབཀྱིས་ལུང་འདྲེན་བྱས་པ་ལྟར་ན། དེ་སྔོན་སྲིད་འཛིན་ཊམ་གྱིས་རང་གི་འགྲན་ཡའགྱུར་སྲིད་པ་བྷན་ཕ་བུ་གཉིས་ལ་ཡུཀ་རེན་གྱི་གཞུང་གིས་བརྟག་དཔྱད་བྱ་རྒྱུ་མགོ་མ་བརྩམས་བར་དུཨ་སྒོར་དུང་ཕྱུར་༤་མ་ཟིན་ཙམ་ཞིག་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་ནར་འགྱངས་བཏང་ཞིང་། སྲིད་འཛིན་ཊམ་གྱིས་རང་ལ་ཡུཀ་རེན་གཞུང་གིས་རོགས་འདེགས་བྱ་དགོས་པའི་དགོས་འདུན་བཏོན་སོང་ཞེས་ཇཱོན་བྷོལ་ཊོན་གྱིས་བཤད་ཡོད་པ་འཁོད་འདུག གལ་སྲིད་གནས་ཚུལ་འདི་བདེན་པ་ཡིན་ཚེ་སྲིད་འཛིན་གྱིས་ཇཱོ་བྷ་ཌན་ཕ་བུ་གཉིས་ལ་བརྟག་དཔྱད་བྱ་དགོས་ཟེར་པ་དང་། ཡུཀ་རེན་ལ་ཡིག་དམག་དོན་རོགས་དངུལ་གཏོང་རྒྱུ་ནར་འགྱངས་སུ་བཏང་བ་གཉིས་འབྲེལ་བ་གཏན་ནས་མེད་ཅེས་སྒྲུབ་བྱེད་འགོད་ཀྱི་ཡོད་པ་ཁུངས་འཁྱོལ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད།

XS
SM
MD
LG