ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་འབྱོར་ལྡན་པ་ཞིག་གིས་གཙོས་མི་ལྔ་ལ་སྲོག་ཁྲིམས་བཅད་འདུག


རྒྱ་ནག་གི་འབྱོར་ལྡན་པ་ལིའུ་ཧན་དང་ཁོང་གི་སྤུན་ཆུང་བ་བཅས་ཁྱོན་བསྡོམས་མི་ལྔ་ལ། ལོ་ངོ་༢༠ཙམ་ལ་ནག་ཚོགས་ཀྱི་རྩ་འཛུགས་བྱས་ཏེ། མི་བསད་པ་དང་འཕྲོག་བཅོམ་བྱེད་པ་སོགས་ཀྱི་ནག་ཉེས་བཀལ་ཏེ་དེ་རིང་ཚེས་དགུའི་ཉིན་སྲོག་ཁྲིམས་བཅད་འདུག

རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གིས་བཀའ་ཁྱབ་བཏང་བ་ལྟར། རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་ཞཱན་ནི་གྲོང་ཁྱེར་གྱི་མི་མང་འབྲིང་རིམ་ཁྲིམས་ཁང་གིས། དེ་རིང་ཚེས་དགུ་ཉིན། ཀྲོའུ་ཡོང་ཁཱང་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་འབྱོར་ལྡན་ཚོང་བ་ལིའུ་ཧན་དང་ཁོའི་སྤུན་ཆུང་བ་ལིའུ་ཝེ། དེ་བཞིན་གཞན་མི་གསུམ་བཅས་ཕན་ཚུན་འབྲེལ་བ་ཡོད་པའི་མི་ལྔ་ལ་སྲོག་ཁྲིམས་བཅད་ཡོད་པ་རེད།

ལིའུ་ཧན་ཡིས་རྩ་འཛུགས་བྱས་པ་རེད་ཟེར་བའི་ནག་ཚོགས་ལ་འབྲེལ་བ་ཡོད་པའི་མི་༣༦སྤྱི་ལོ་༢༠༡༣ལོར་འཛིན་བཟུང་བཀག་ཉར་བྱས་པ་དང་། དེའི་རྗེས་ཁྲིམས་བཤེར་རིམ་པ་བྱས་པའི་རྗེས་སྤྱི་ལོ་༢༠༡༤ལོར་ལིའུ་ཧན་སྤུན་གཉིས་གཙོ་བོར་གྱུར་བའི་མི་ལྔ་ལ་སྲོག་ཁྲིམས་གཅོད་རྒྱུ་ཡིན་པ་གཏན་འབེབས་བྱས་པ་ལྟར། དེ་རིང་དངོས་སུ་སྲོག་ཁྲིམས་བཅད་ཡོད་ཀྱང་། ཁྲིམས་བཤེར་རིམ་པ་བྱས་པའི་ཁྲོད་དུ། ལིའུ་ཧན་གྱིས་རང་ཉིད་ནི་འབྱོར་ལྡན་ཚོང་བ་ཞིག་ཡིན་པ་ལས། གཞན་ཉེས་འཛུགས་རྣམས་ངོས་ལེན་བྱས་མེད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གི་གསར་འགྱུར་ཁག་གིས་བརྗོད་ན། ནག་ཚོགས་ཀྱི་བྱ་སྤྱོད་སྤེལ་བ་དང་མི་བསད་པ། ཁྲིམས་འགལ་གྱི་དངུལ་རྩིས་ཡོད་པ་བཅས་ཀྱིས་ནག་ཚོགས་ཤིག་ངོ་བོ་ཡོངས་སུ་ཚང་བ་ར་འཕྲོད་བྱུང་ཡོད་པ་བརྗོད་འདུག

ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་ཏེ། ལིའུ་ཧན་ནི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཟུར་བ་དང་ ལོ་སྔོན་མ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་པའི་ཀྲུའུ་ཡཱོང་ཁང་གི་གཅེན་པོའི་བུ་ཀྲུའུ་པེན་དང་ཚོང་འབྲེལ་མཉམ་ལས་བྱེད་མྱོང་ཡོད་པ་གསལ་སྟོན་བྱས་ཡོད་ཀྱང་། ཀྲུའུ་ཡཱོང་ཁང་དང་ཐད་ཀར་འབྲེལ་བ་ཡོད་པ་གསལ་སྟོན་བྱས་མེད། ཡིན་ན་ཡང་ཀྲུའི་ཡཱོང་ཁང་སི་ཁྲོན་ཞིང་ཆེན་ནང་དུ་དབང་ཆ་བཟུང་བའི་སྐབས་སུ་ལིའུ་ཧན་དང་ཀྲུའུ་ཚང་དང་ནང་མི་དང་ཚོང་གི་འབྲེལ་བ་བྱུང་མྱོང་ཡོད་པ་ཚོད་དཔག་བྱེད་བཞིན་འདུག ལིའུ་ཧན་དང་ཨོ་སི་ཁྲེ་རེ་ལེ་ཡའི་མི་གཉིས་བཅས་མཉམ་འབྲེལ་གྱིས་སི་ཁྲོན་ཞིང་ཆེན་ནང་དུ། གཏེར་ཁ་དང་ཁང་བ། མ་རྐང་ཁྲོམ་ར་འཛུགས་འཇོག གློག་འདོན་ནུས་པ་བཅས་ཀྱི་ཚོང་ལས་གཉེར་བའི་ཧཱན་ལུང་བཟོ་ཚོང་ཁང་གི་བདག་པོ་ཡིན་པ་དང་། རྒྱ་ནག་ནང་གི་འབྱོར་ལྡན་པ་ཨང་༢༣༦པ་དེ་ཡིན་པ་རེད། ལིའུ་ཧན་ལ་དོན་རྐྱེན་མ་བྱུང་བའི་སྔོན་དུ། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ།

ལིའུ་ཧན་ནི་རོགས་སྐྱོར་ལས་གཞི་རྒྱ་ཆེར་སྤེལ་མཁན་གྱི་ཚོང་བདག་ཅིག་ཡིན་པ་སྟེ། སྤྱི་ལོ་༢༠༠༨ལོར་སི་ཁྲོན་དུ་ས་ཡོམ་གྱི་གོད་ཆག་བྱུང་བའི་སྐབས་སུ། ཆག་སྒོ་བྱུང་ཞིང་འཚོ་བའི་གནས་སྟངས་སྐྱོ་བའི་ས་ཁུལ་དུ་སློབ་གྲྭ་གསར་རྒྱག་གི་ལས་ཀ་ཡང་བྱེད་མྱོང་ཡོད་པའི་གནས་ཚུལ་ཐོན་འདུག་ལ། ཡང་དེ་རིང་སྲོག་ཁྲིམས་བཅད་པའི་ལིའུ་ཧན་གྱི་སྤུན་ཆུང་ལིའུ་ཝེ་ཡང་། རྒྱ་ནག་ནང་གི་རོགས་སྐྱོར་ཐེབས་རྩ་ཁང་སྐད་གྲགས་ཅན་ཞིག་གི་མགོ་ཁྲིད་ཡིན་པ་ལྟར། གཏོང་ཕོད་ཅན་གྱི་མི་སྣ་གྲགས་ཅན་དུ་རྩིས་ཏེ་སྤྱི་ལོ་༢༠༠༨ལོར་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ། པེ་ཅིན་དུ་ཨོ་ལིམ་པིག་དཔལ་འབར་འཁྱེར་མཁན་གྱི་ཁྲོད་ནས་གཅིག་ཡིན་པ་རེད།

XS
SM
MD
LG