ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་ལྐོག་ཟ་དང་ཨོ་སི་ཊེ་རེ་ལི་ཡ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་རང་ཡུལ་དུ་དངུལ་སྒོར་ལྐོག་ཟ་བྱས་ཏེ། ཁོ་ཚོས་གཞུང་གི་མ་དངུལ་ཨ་སྒོར་དུང་ཕྱུར་༡༠་ཙམ་རྐུ་འཁྱེར་བྱས་ནས་ཨོ་སི་ཊེ་རེ་ལི་ཡར་བྲོས་བྱོལ་དུ་སོང་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་དཔལ་འབྱོར་ཉེས་ཅན་པ་༧་གྱི་མིང་ཐོ་ཞིག་ཨོ་སི་ཊེ་རེ་ལི་ཡའི་གཞུང་ལ་སྤྲད་ཡོད་པས། ཨོ་སི་ཊེ་རེ་ལི་ཡའི་གཞུང་གིས་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་གཞུང་འབྲེལ་མི་སྣ་ཟུར་པ་ལྐོག་ཟ་རུལ་སུངས་པ་དེ་དག་གི་རྒྱུ་དངོས་རྣམས་གཞུང་བཞེས་བཏང་འདུག ཁ་སྔོན་ཕྱི་ཟླ་༧་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་བའི་གཞུང་འབྲེལ་མི་སྣ་ཟུར་པ་ཚོར་ཁྲིམས་གཅོད་བྱ་རྒྱུ་འགོ་ཚུགས་ནས་བཟུང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མིང་རྫུན་མ་བཏགས་ནས་གསར་དུ་གཞིས་ཆགས་ཡོད་པའི་གཞུང་འབྲེལ་མི་སྣ་ཟུར་པ་ཁག་ཅིག་རྩད་གཅོད་ཐུབ་ཡོད་པ་དང་། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མིང་རྫུན་མ་བཏགས་ནས་འཚོ་གནས་བྱེད་བཞིན་ཡོད་པའི་གཞུང་འབྲེལ་མི་སྣ་ཟུར་པ་དེ་དག་གིས་རྒྱ་ནག་གཞུང་གི་མ་དངུལ་ཨ་སྒོར་དུང་ཕྱུར་མང་པོ་རྐུ་འཁྱེར་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཁྲོམ་ར་ཞིབ་འཇུག་ཁང་གིས་འགན་འཛིན་ཤཱོན་རེན་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཟུར་པ་རྐུ་མ་དེ་ཚོས་རང་ཉིད་ཚོང་པ་འབྱོར་ལྡན་པ་ཡིན་ཟེར་ནས་ཨོ་སི་ཊེ་རེ་ལི་ཡའི་གྲོང་ཁྱེར་ཆེ་ཁག་གི་ནང་དུ་གཞིས་ཆགས་ཡོད་པ་རེད། ང་ཚོ་སི་ཌི་ཎི་གྲོང་ཁྱེར་ལ་སོང་ནས་བལྟས་ན་ཨ་སྒོར་ས་ཡ་༡༠་དང་ས་ཡ་ཉི་ཤུ། ས་ཡ་༣༠་ཅན་གྱི་ཁང་པ་ཕལ་ཆེ་བ་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཚོས་ཉོས་ཡོད་པ་དང་། ཁོ་ཚོ་སྔོན་ཆད་རྒྱ་ནག་གི་གཞུང་འབྲེལ་སྒྲིག་འཛུགས་ཁག་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད། ཨོ་སི་ཊེ་རེ་ལི་ཡའི་གཞུང་དམངས་གཉིས་ཀྱིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཚོ་རྐུན་མ་དང་ཁྲིམས་འགལ་པ། ལྐོག་ཟ་རུལ་སུངས་པ་ཡིན་པ་ཤེས་རྟོགས་ཐུབ་མེད། ཨོ་སི་ཊི་རེ་ལི་ཡའི་གཞུང་གིས་རང་གི་སྤྱི་ཚོགས་སུ་ཚོང་པ་འབྱོར་ལྡན་པ་དགོས་ཀྱིན་འདུག་ཅེས་རྒྱ་ནག་ནས་་ཚོང་པའི་ངོ་བོར་བརྫུས་ནས་ཡོང་བའི་མི་དེ་ཚོ་ཡོང་དུ་བཅུག་པ་རེད།།

XS
SM
MD
LG