ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

བལ་ཡུལ་དེ་བཞིན་བོད་གཉིས་པ་ལྟ་ཞུ་ཞིག་ཆགས་ཡོད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ།


བལ་ཡུལ་གྱི་དྲག་ཆས་སྤྲས་པའི་ཉེན་རྟོག་པ་
བལ་ཡུལ་གྱི་དྲག་ཆས་སྤྲས་པའི་ཉེན་རྟོག་པ་

བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་ཆེད་བལ་ཡུལ་གཞུང་དང་རྒྱ་ནག་གཞུང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་བཅས་པའི་འབྲེལ་ཡོད་གཞུང་དང་ཚོགས་པ་ཁག་ལ་འབོད་སྐུལ་དང་གནོན་ཤུགས་སྤྲོད་ཕྱིར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ལམ་འདོན་སྤེལ་གནང་བའི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་སྟངས་མཚོན་པའི་སྙན་ཐོ་གཞིར་བཟུང་དྲ་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། ལས་འགུལ་དེའི་གནད་འགག་དང་དེ་མཚུངས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་ཐོབ་ཐང་སྲུང་སྐྱོབ་ཆེད་རེ་འདུན་ཇི་ཡོད་སྐོར་ལ་དེ་རིང་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་འདི་ག་རླུང་འཕྲིན་ཁང་ནས་བསྟི་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་སུ་བཅར་འདྲི་ཞུས་པར། ཁོང་ནས་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས། རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཁྲིམས་དང་ཐོབ་ཐང་ལག་བསྟར་འབོད་སྐུལ། དེ་བཞིན་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཁྲིམས་མཐུན་སྐྱབས་བཅོལ་ཡིག་ཆ་མཁོ་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོག་ལ་སྟངས་འཛིན་དང་དམ་དྲག་མཚམས་འཇོག་དང་རྒྱལ་ཁབ་སོ་སོའི་ས་ཁོངས་བདག་དབང་ལ་བརྩི་བཀུར་དགོས་པ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ལ་ཐུགས་སྣང་དང་ཁྱབ་བསྒྲགས་བྱེད་དགོས་པའི་སོགས་ཀྱི་རེ་འདུན་འདོན་བཞིན་ཡོད་པ་གསུངས་གནང་སོང་ལ།

བལ་ཡུལ་གྱི་ཉེན་རྟོག་པ་རྣམས་བོད་ཀྱི་དགོན་པའི་མདུན་དུ་ལངས་ནས་བསྡད།
བལ་ཡུལ་གྱི་ཉེན་རྟོག་པ་རྣམས་བོད་ཀྱི་དགོན་པའི་མདུན་དུ་ལངས་ནས་བསྡད།

གཞན་ཡང་བལ་ཡུལ་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་མི་སྐྱབས་བཅོལ་བ་རྣམས་ལ་ཁྲིམས་མཐུན་གྱི་ཐོབ་ཐང་མང་པོ་ཞིག་རྡོག་རོལ་དུ་གཏོང་བཞིན་པ་དང་། བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་དང་བཙན་གནོན་བྱེད་མུས་ཡོད་པ་ནང་བཞིན་བལ་ཡུལ་དུ་ཡང་བོད་མིའི་ཐོབ་ཐང་དང་ལས་འགུལ་སོགས་གར་ཅིར་དྲག་གནོན་དང་། བོད་མི་སྐྱབས་བཅོལ་དུ་ཡོང་མཁན་སོགས་རྒྱ་ནག་ལ་ཕྱིར་སྐྲོད་གཏོང་བ་སོགས་བོད་གཉིས་པ་ལ་ལྟ་བུའི་ཛ་དྲག་གི་གནས་སྟངས་ཤིག་ཏུ་གྱུར་ཡོད་པས། གནས་སྟངས་དེ་དང་འབྲེལ་ནས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་འདི་བཞིན་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས་ལས་འགུལ་འདིའི་ཐད་ལ་མི་མང་ཚང་མས་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་སོང་།

གཞི་རྩའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཕྱི་ལོ་ ༢༠༢༢ ནང་དུས་ཡུན་རིང་པོར་ལྟེ་གནས་ཁང་གི་འགན་འཛིན་དང་ཉམས་ཞིབ་པ། མཉམ་འབྲེལ་ཞིབ་འཇུག་པ་བཅས་ས་གནས་སུ་ཆེད་བསྐྱོད་ཀྱིས་བལ་བོད་གཉིས་ཀའི་གཞུང་འབྲེལ་མི་སྣ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ། མི་མང་སོགས་ལ་ས་གནས་ཀྱི་དངོས་ཡོད་གནས་སྟངས་རྒྱུས་ལོན་ཞིབ་འཇུག་གནང་མཐར། བལ་ཡུལ་དུ་རྒྱ་ནག་གི་གནོན་ཤུགས་ཇེ་ཆེར་བསླེབས་པས་ཡུལ་དེའི་ནང་གནས་སྡོད་བོད་མི་སྐྱབས་བཅོལ་བ་རྣམ་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་བོད་མི་སྐྱབས་བཅོལ་བ་དེ་དག་གི་མ་འོངས་པའི་མདུན་ལམ་ལ་ཉེན་ཁ་འཕྲད་བཞིན་པའི་གནས་སྟངས་གསལརྟོགས་བྱུང་དོན་བཞིན། སྔ་ལོའི་ཟླ་བ་ ༡༢ པའི་ཚེས་ ༩ ཉིན་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམ་པའི་གནས་སྟངས་མཚོན་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་ལ། དེ་བཞིན་བལ་ཡུལ་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པའི་དངོས་ཡོད་བདེན་དཔང་གཞན་ཞིག་ཉེ་ལམ་ kathmandupost ཞེས་པའི་ ཀཐ་མན་ཀྲུ་གསར་ཤོག་སྟེང་དུ་བལ་ཡུལ་གྱི་གཞུང་འབྲེལ་གསར་ཤོག་ཁག་གིས་བོད་དང་ཐེ་ཝན་སོགས་དང་འབྲེལ་བའི་སྐོར་ལ་རང་འགར་གནས་ཚུལ་འགོད་མི་ཆོག་པའི་གནོན་ཤུགས་སྤྲད་ཡོད་པ་གསལ་འདོན་བྱས་ཡོད། དེར་བརྟེན་སྐྱབས་བཅོལ་བོད་མིའི་ཛ་དྲག་གི་དཀའ་ངལ་སེལ་སླད་ད་ལྟའི་ལས་འགུལ་དེ་དངོས་སུ་འགོ་བརྩམས་པ་ཞིག་ཡིན་པ་རེད་འདུག་ལ། ད་རེས་ཀྱི་ལས་འགུལ་འདིའི་མཐའ་མའི་གྲུབ་དོན་དེ་བཞིན་འདི་ལོའི་ཟླ་བ་གཉིས་པའི་ནང་འཚོགས་འཆར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རེས་སྐོར་ཞིབ་བཤེར་གྱི་ཚོགས་འདུའི་ཐོག་ཏུ་འབུལ་རྒྱུ་ཡིན་པ་རེད་འདུག །

གླེང་སྟེགས།

XS
SM
MD
LG