ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༠༦

འབའ་བ་ཕུན་ཚོགས་དབང་རྒྱལ་འདས་གྲོངས་གྱུར་བར་༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ།



བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་རེས་གཟའ་ཉི་མའི་སྔ་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་འདུག་པ་དང་། ཁོང་དགུང་ལོ་ ༩༢ ཡིན་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་ཚུལ་དེ་གསན་མ་ཐག་གསུང་ འཕྲིན་ཞིག་བསྩལ་འདུག་པའི་ནང་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་འདས་གྲོངས་སོང་བའི་གནས་ཚུལ་གསན་པར་ཐུག་ཕམ་ཆེན་པོ་བྱུང་བ་དང་ཁོང་ནི་དམར་ཤོག་ཡང་དག་པ་ཞིག་ ཡིན་པ་མ་ཟད། རྟག་ཏུ་བོད་མི་མང་གི་ཁེ་ཕན་བསྒྲུབ་ཐབས་ལ་བསམ་བློ་གཏོང་མཁན་ཞིག་རེད་ཅེས་ གསུངས་འདུག དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེ་མོ་ཆོས་སྐྱབས་པ་འཆི་མེད་རིག་ འཛིན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལ་ འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ཤུལ་ལུས་ནང་མི་ཚོས་༧གོས་ས་མཆོག་ལ་ཐུགས་ སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་སྙན་གསེང་ཞུས་པ་བཞིན་སྤྱི་ནོར་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེའི་ཆེད་ཐུགས་སྨོན་གནང་བ་མ་ཟད། ཤུལ་ལུས་ནང་མི་ཚོར་སེམས་གསོའི་གསུངས་འཕྲིན་ཞིག་གནང་ཡོད་རེད་ཅེས་གསུངས་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༥༡ ལོ་ནས་ངོ་ཤེས་གྲོགས་པོ་རྙིང་པ་ཞིག་ཡིན་པ་དང་། ཁོང་ནི་དམར་ཤོག་གི་ལྟ་བར་རྩེ་གཅིག་ཏུ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་རིག་གཞུང་དང་གོམས་གཤིས་ལ་རྟག་ཏུ་སྤོབས་པ་བྱེད་མཁན་དཔེ་མཚོན་ཞིག་ གཅིག་ཡིན། ཕུན་ཚོགས་དབང་རྒྱལ་གྱིས་དམར་ཤོག་གི་ལྟ་གྲུབ་ལ་རྩ་ཆེར་འཛིན་གྱི་ཡོད་པར་ལྟོས་ མེད་ཀྱིས་ཁོང་གིས་བོད་མི་རིགས་ཀྱི་ངོ་བོར་དམ་འཛིན་གནང་གི་ཡོད་པ་དེ་རྒྱ་ནག་ གི་འགོ་ཁྲིད་ཚོས་ལྡོག་ཕྱོགས་ལ་ངོས་འཛིན་བྱས་ཏེ་ལོ་བཅོ་བརྒྱད་ཙམ་བཙོན་ཁང་དུ་ བཅུག་ཡོད། དེ་ལྟར་ནའང་ཕུན་ཚོགས་དབང་རྒྱལ་གྱིས་བོད་མིའི་ཐོབ་ཐང་དང་བདེ་སྐྱིད་ཀྱི་དོན་ དུ་མུ་མཐུད་རྩོད་ལེན་གནང་ནས་གོ་སྐབས་ནམ་བྱུང་ལ་རྒྱ་ནག་གི་དཔོན་རིགས་ཚོར་ཞུ་ གཏུགས་བྱེད་མཁན་བོད་མི་སྙིང་སྟོབས་ཅན་ཞིག་རེད་ཅེས་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་འདས་གྲོངས་སོང་བར་མྱ་ ངན་གུས་བཏུད་གནང་བ་དང་ཆབས་ཅིག རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབའ་པ་ཕུན་ཚོགས་དབང་ རྒྱལ་ལགས་ཀྱི་སྙིང་སྟོབས་དང་ཁོང་གིས་བཏོན་པའི་ཕུགས་རྒྱང་རིང་བའི་གྲོས་འཆར་ ཁག་ལག་ལེན་འགེལ་ཐུབ་རྒྱུར་སྤོབས་སེམས་བརྙེད་རྒྱུའི་རེ་བ་གནང་གི་ཡོད་ཅེས་ གསུངས་འདུག ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་ བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་འབའ་བ་ཕུན་ཚོགས་དབང་ལགས་ལན་མང་ མཇལ་མྱོང་ཡོད་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་གླེང་མོལ་ཡང་མང་པོ་གནང་མྱོང་ཡོད་པ་དང་། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་ གསུངས་དོན་ལ་ ཁོང་གི་མི་ཚེ་ཀྱག་ཀྱོག་དེའི་ནང་བོད་མི་མང་གི་བདེ་དོན་དང་ཁེ་ཕན་གཏན་ནས་བློས་ གཏོང་མ་གནང་བར་མཐའ་མ་འདས་གྲོངས་མ་སོང་བར་དམ་འཛིན་གནང་ཡོད་པ་དང་། རྒྱུན་དུ་བོད་མི་ཚོར་མི་རིགས་འདྲ་མཉམ་གྱི་ཐོབ་ཐབ་རྩོད་དགོས་པ་དེ་ནན་ཏན་གནང་ གི་ཡོད་པ་དེ་ནི་རླབས་ཆེན་གྱི་ལམ་སྟོན་ཞིག་ཡིན་པར་དྲན་གསོ་གནང་གི་ཡོད་ཅེས་ གསུངས་ཀྱི་འདུག
འབའ་བ་ཕུན་ཚོགས་དབང་ལགས་ནི་ ༡༩༢༢ ལོའི་བོད་ཟླ་ ༡༠ ཚེས ༢༥ ཉིན་ཁམས་འབའ་ཐང་དུ་འཁྲུངས་པ་དང་། རང་ལོ་བདུན་ལ་བསླེབས་སྐབས་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭར་བསྐྱོད་ནས་ སློབ་གཉེར་གནང། དེ་རྗེས་མཐོ་རིམ་སློབ་གྲྭ་སོགས་རིམ་པར་བརྒྱུད་དེ་སློབ་སྦྱོང་གནང་རྗེས་རྒྱ་ ནག་གོ་མིན་ཏང་གི་ལས་བྱར་ཞུགས་ཡོད། ༡༩༣༩ ལོར་བོད་རིགས་དམར་ཤོག་ཚོགས་པ་གསར་འཛུག་གནང་ཡོད། ༡༩༥༡ ལོར་གྲོས་མཐུན་དོན་བཅུ་བདུན་ཟེར་བ་འཇོག་སྐབས་གྲོས་མཐུན་གྱི་ཟིན་བྲིས་དང་ སྐད་བསྒྱུར་གནང་བ་སོགས་ཆ་ཤས་ཤུགས་ཆེར་བླངས་ཡོད་པ་དང་། ༡༩༥༤ ལོར་༧གོང་ས་མཆོག་རྒྱ་ནག་ལ་ཆིབས་སྒྱུར་མཛད་སྐབས་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ ཏུང་སོགས་ཀྱི་སྐད་སྒྱུར་བྱེད་རྒྱུན་༧གོང་ས་མཆོག་ཡང་ཡང་མཇལ་མྱོང་ཡོད་པ་རེད། ཁོང་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་མཉམ་རུབ་ཀྱིས་བོད་ཀྱི་ཆོས་ དང་རིག་གཞུང་ཁོར་ཡུག་བཅས་སྲུང་སྐྱོབ་ཐད་ཕྱག་ལས་རིམ་པར་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་གི་སྐུ་ཚབ་རིམ་པར་སློབ་སྟོན་དང་རྒྱབ་སྐྱོར་གནང་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གསུངས་དོན་ལ་ འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་མི་ཚེའི་རིང་བོད་གཞུང་གི་མངའ་ཞབས་དང་ཁམས་ ཨ་མདོ་བཅས་ཀྱི་བོད་རིགས་ཡོངས་ལ་ཁྱབ་པའི་བོད་མི་རང་གིས་འཛིན་སྐྱོང་བྱེད་པའི་ སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་ཤིག་བསྐྲུན་ཆེད་འབད་བརྩོན་གནང་ཡོད་པ་དང། དམིགས་ཡུལ་དེ་སྒྲུབ་ཆེད་སྒརེ་ལ་ཉེན་ལ་ཡོད་པར་ལྟོས་མེད་ཀྱིས་ངལ་བར་འཛེམས་ མེད་འབད་བརྩོན་གནང་ཡོད་ནའང་། མཐའ་མ་ཁོང་དང་ཁོང་གི་བློ་མཐུན་ཚོར་ཕམ་ཉེས་བྱུང་ནས་ལོ་ ༡༨ རིང་བཙོན་འཇུག་བྱས་ཡོད། ༡༩༧༨ ལོར་བཙོན་ཁང་ནས་གློད་འགྲོལ་བཏང་རྗེས་རྒས་ཡོལ་གྱི་ཐོབ་ཐང་སོགས་བཙན་འཕྲོག་ བྱས་ཏེ། དཀའ་་སྡུག་ཆེན་པོ་བྱུང་ཡོད་ནའང། གོ་སྐབས་ནམ་བྱུང་ལ་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་རྒྱ་ནག་གི་འགོ་ཁྲིད་ཚོར་གུ་ བཤང་བྱེད་དགོས་པའི་བསམ་ཚུལ་བཏོན་མཁན་ཞིག་ལ་གྱུར་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་པ་དང་། རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་མུ་མཐུད་གསུངས་དོན་ལ་ད་ལམ་ཁོང་འདས་གྲོངས་གྱུར་བ་དེས་རྒྱ་ནག་ནང་བོད་མིའི་བདེ་དོན་ལ་འབོད་སྒྲ་སྒྲོག་མཁན་ནུས་པ་ཆེ་ཤོས་གཅིག་མེད་པར་གྱུར་བ་དེ་བློ་ཕམ་བྱེད་དགོས་པ་ཞིག་ཡིན་ནའང་། ཁོང་གི་འབོད་ཚིག་དང་ལྟ་གྲུབ་མུ་མཐུད་གནས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནི་རྩོམ་པོ་ཞིག་ཀྱང་ཡིན་པས་ཁོང་གིས་དཔེ་དེབ་ འགའ་ཤས་རྩོམ་བྲིས་གནང་ཡོད་པ་རེད།
XS
SM
MD
LG