ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

སྡེ་དགེ་སྨན་ཤོད་ཀྱི་ནགས་ཚལ་དང་སྲོག་ཆགས་ལ་ཉེན་ཁ་འཕྲད་བཞིན་པ།


ཕྱི་ལོ་༢༠༡༦ཟླ་༧ཚེས་༤ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། ཁམས་སྡེ་དགེ་རྫོང་དུ་རྒྱ་རིགས་ཚོང་པ་རྣམས་ཀྱིས་ཤིང་ནགས་གཅོད་འབྲེག་དང་། རི་སྐྱེས་སྲོག་ཆགས་རྩ་ཆེན་མང་པོ་གསོད་བཟུང་བྱེད་བཞིན་པའི་ཐད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་དྲི་མེད་རྒྱལ་མཚན་ལགས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་ཡོད། བོད་དཀར་མཛེས་ས་ཁུལ་གྱི་སྡེ་དགེ་རྫོང་སྨན་ཤོད་ས་ཁུལ་ནང་། ཕྱི་ལོ་༢༠༠༠་ནས་བཟུང་རྒྱ་མི་རེ་ཟུང་ཡོང་ནས་ས་དེར་གནས་བཅོས་སྐབས་བོད་མི་རྣམས་ཀྱིས་སྡོད་མ་བཅུག་པར་ཕྱིར་དེད་པ་དང་། ས་གནས་ཡུལ་མི་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ལྟར་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་མ་བཏང་བར་ནགས་ཚལ་དང་ནགས་ཚལ་དུ་འཚོ་སྡོད་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་རྣམས་སྲུང་སྐྱོབ་བྱེད་བཞིན་པ་རེད། སྨན་ཤོད་ས་ཁུལ་གྱི་ཡུལ་ཚོ་ཧྱོ་པ་དང་། ཕུ་མ། མདའ་མ་བཅས་ཀྱི་ནང་ནགས་ཚལ་ལམ་རི་དྭགས་སྲུང་སྐྱོབ་ཀྱི་ཆེད་དུ་ཡུལ་མི་རྣམས་ཀྱིས་རེས་མོས་སྒོས་ལྟ་རྟོག་བྱེད་སྲོལ་ཡོད། དྲི་མེད་རྒྱལ་མཚན་ལགས་ཀྱིས་བརྗོད་པ་ལྟར་ན། ཉེ་ཆར་ཡུལ་མིས་ནགས་ཚལ་ལ་ལྟ་རྟོག་བྱས་སྐབས་གླ་རོ་༣༠་ལྷག་དང་ལྕགས་རྙི་མང་པོ་རྙེད་པ་དང་། ལྕགས་རྙི་འཇོག་མཁན་གྱི་རྒྱ་མི་ཚོའི་གནས་ཚུལ་ས་གནས་ཡུལ་ཚོ་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་དཔོན་རིགས་ལ་ཞུས་ནའང་ཁོ་ཚོས་སྣང་མེད་དུ་བཞག་པ་རེད་ཟེར། དེ་བཞིན་དུ་ཤིང་ནགས་གཅོད་མཁན་རྣམས་ཀྱིས་འཕྲུལ་ཆས་ཆེན་པོ་སོགས་བཀོལ་ནས་ཤིང་ནགས་གཅོད་འབྲེག་དང་། ཆུ་ལ་བསྐྱུར་ནས་དབོར་འདྲེན་བྱེད་པ་སོགས་བྱེད་བཞིན་ཡོད་ནའང་། རྒྱ་རིགས་དེ་དག་བཀག་འགོག་བྱེད་མཁན་མེད་ཕྱིར་ས་གནས་དཔོན་རིགས་དང་ངན་འབྲེལ་བྱས་ཡོད་པའི་དོགས་པ་ཡོང་བཞིན་པ་རེད་ཟེར། སྨན་ཤོད་ཕུ་མདའ་ཧྲོ་གསུམ་ནི་ཤིང་ནགས་སྟུག་པོ་དང་ནགས་ཚལ་དུ་སྟོང་ལ་ཉེ་བའི་རི་དྭགས་ཀྱི་རིགས་ཧ་ཅང་མང་པོ་ཡོད་ས་ཞིག་ཡིན་པ་དང་། ད་ལྟ་རྒྱ་རིགས་ཀྱི་མི་གྲངས་མང་དུ་འགྲོ་བཞིན་ཡོད་ལ། ཡུལ་ཚོ་དང་རྫོང་རིམ་པའི་ལས་བྱེད་ཀྱིས་གལ་ཏེ་ཤིང་ནགས་གཅོད་འབྲེག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་མུ་མཐུད་སྣང་མེད་དུ་བཞག་ཚེ། ས་གནས་ཡུལ་མི་རྣམས་ཀྱིས་དཀར་མཛེས་ཁུལ་ལ་ཞུ་གཏུག་བྱ་རྒྱུའི་འཆར་གཞི་བཅངས་ཡོད་ཟེར།

XS
SM
MD
LG