ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིས་ཅིན་ཕིང་གིས་ཡུ་གུར་པར་འཛིན་པའི་མི་རིགས་གཅིག་སྒྲིལ་ལྟ་བ།


ཕྱི་ལོ་༢༠༡༢་ལོར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གི་སྲིད་དབང་བཟུང་ནས་བཟུང་། ཁོང་གིས་མི་དམངས་ཉམ་ཐག་གི་བདེ་སྡུག་ལ་ལྟ་སྐྱོང་བྱ་རྒྱུ་དང་གུང་ཁྲན་ཏང་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ། རྒྱ་ནག་གི་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གཙིགས་སུ་འཛིན་དགོས་པར་འགྱུར་བ་མེད་པའི་རྣམ་འགྱུར་གསལ་བོ་བསྟན་རུང་། རྒྱ་ནག་སྤྱི་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ཞིས་ཅིན་ཕིང་གི་འཇམ་རྩུབ་ཟུང་འབྲེལ་གྱི་སྲིད་ཇུས་དེར་དཀའ་ངལ་རིམ་པ་ཞིག་འཕྲད་ཀྱི་ཡོད་ཅིང་། དཔེར་ན་ཟླ་བ་སྔོན་མར་ཞིན་ཅང་གི་ཡུ་གུར་པ་ཁག་ཅིག་གིས་ཁུན་མིང་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ་འགྲུལ་པ་ཚོར་གྲི་བཙུགས་ནས་མི་༢༩་བསད་པས། ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་མེད་པའི་ཟིང་འཁྲུག་ལངས་ཡོད་པ་རྒྱ་ནག་གི་ས་གནས་གཞན་ཁག་ལའང་ཁྱབ་ཀྱི་ཡོད་པ་དང་། དེར་བརྟེན་བདུན་ཕྲག་འདིའི་གཟའ་ཉི་མ་དང་གཟའ་ཟླ་བ་གཉིས་ལ་ཞིས་ཅིན་ཕིང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་ཡུ་གུར་པའི་ཞྭ་མོ་གོན་ནས་མི་དམངས་དཀྱུས་མ་དང་ས་གནས་ཀྱི་འགོ་ཁྲིད་ཚོར་བཀའ་མོལ་གནང་གི་ཡོད་པ་དང་། ཞིས་ཅིན་ཕིང་གིས་ཞིན་ཅང་གི་ཡུ་གུར་པའི་སློབ་ཕྲུག་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་བཅས་ཀྱི་བརྙན་པར་རྣམས་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་འགྲེམ་སྤེལ་བྱས་ཡོད་པ་རེད།
XS
SM
MD
LG