ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་དམག་དཔུང་ལྷོ་ཀོ་རི་ཡ་ནས་ཕྱིར་འཐེན་བསམ་ཞིབ།
please wait

No media source currently available

0:00 0:04:39 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། གཟའ་ཕུར་བུའི་ཉིན་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཉུང་འཕྲི་བྱེད་ཕྱོགས་ལ་བསམ་ཞིབ་བྱ་དགོས་ཞེས་བཀའ་བཏང་ཡོད་ཚུལ་དང་། འདི་དང་དུས་མཚུངས་སུ་ཨ་རིའི་གཞུང་གིས་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་གང་མགྱོགས་ཐུག་འཕྲད་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་འདུག་ཅེས་གནས་ཚུལ་ཐོན་རུང་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོར་འདྲི་རྩད་བྱས་པ་ཡིན། ཨ་རིའི་གཞུང་གིས་ནེའུ་ཡོཀ་དུས་བབ་ཚགས་པར་ལ་ཐོན་པའི་གནས་ཚུལ་དེ་བདེན་པ་མིན་པའི་ལན་འདེབས་བྱས་སོང་ཞེས་འགྲེལ་བཤད་བརྒྱབ་ཡོད་ཅིང་། ༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་གཞུང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་འདང་ངེས་ཤིག་གཏོང་གི་མི་འདུག ཨ་མི་རི་ཀས་ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་ཆ་ཚང་གཏོང་མི་ཐུབ་ཅེས་སྐྱོན་བརྗོད་བྱས་མྱོང་། ཁོང་གིས་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་ནམ། ཡང་ན་ཨ་མི་རི་ཀའི་དམག་དཔུང་ཉུང་འཕྲི་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་སྲིད། ཌོ་ནལ་ཊོམ་གྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་ཆིངས་ཡིག་ཅིག་བཞག་ནས་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ཚེ། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་མུ་མཐུད་དུ་འཇོག་དགོས་དོན་མེད་པའི་རྩིས་རྒྱག་གི་ཡོད་སྲིད། ཡིན་ནའང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མོལ་དེ་ཉིད་འགོ་བཙུགས་མ་ཐག་ཡིན་པ་དང་། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་རིམ་པ་ཞིག་གིས་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་མུ་མཐུད་དུ་འཇོག་འཆར་ཡོད་ཅེས་ཁག་ཐེག་ལན་མང་བྱས་ཡོད། དེར་བརྟེན་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཉུང་འཕྲི་བྱ་རྒྱུ་ལས་སླ་བོར་བསྒྲུབ་དཀའ་ཞེས་ལྷོ་ཀོ་རི་ཡའི་སེ་ཇོང་ཉམས་ཞིབ་ཁང་གི་འགན་འཛིན་ཆོ་སོང་ཆང་གིས་བཤད་འདུག གཟའ་འཁོར་འདིར་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་སློབ་སྟོན་པ་མུན་ཁྲུང་དབྱིན་གྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་ཞི་བའི་ཆིངས་ཡིག་ཅིག་བཞག་པ་དང་། ༡༩༥༣་ལོར་བར་མཚམས་བཞག་པའི་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་ན་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་སྔར་བཞིན་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱ་དགོས་པའི་དག་སྐྱེལ་བྱ་དཀའ་ཞེས་བཤད་ཀྱང་ལྷོ་ཀོ་རི་ཡའི་གཞུང་གིས་འཕྲལ་དུ་སྲིད་འཛིན་གྱི་སློབ་སྟོན་པའི་གཏམ་བཤད་དེར་བཀའ་བཀྱོན་བཏང་ཡོད་པ་མ་ཟད། སྲིད་འཛིན་མུན་ཅེ་དབྱིན་གྱི་མགྲིན་ཚབ་པ་ཞིག་གིས་སློབ་སྟོན་པ་མུན་ཁྲུང་དབྱིན་གྱི་སྐད་ཆ་དེ་དག་ཁོ་པ་སྒེར་གྱི་བསམ་ཚུལ་ཞིག་ཡིན་པ་ལས་ལྷོ་ཀོ་རི་ཡའི་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས་མཚོན་མི་ཐུབ། ཨ་མི་རི་ཀའི་དམག་དཔུང་སྔར་བཞིན་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་ཆོག་པའི་ཁྲིམས་མཐུན་གྱི་འགན་དབང་ཡོད། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་ཡོད་པ་དེས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཛའ་འབྲེལ་མཚོན་ཡོད། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་ཆིངས་ཡིག་ཅིག་འཇོག་རྒྱུ་དང་ཨ་མི་རི་ཀའི་དམག་དཔུང་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱེད་ཡོད་པ་གཉིས་ལ་འབྲེལ་བ་ཅི་ཡང་མེད་ཅེས་གསལ་བཤད་བྱས་ཏེ། ཨ་མི་རི་ཀའི་དམག་དཔུང་ལྷོ་ཀོ་རི་ཡ་ནས་ཕྱིན་འཐེན་དང་ཉུང་འཕྲི་བྱ་རྒྱུར་ལྷོ་ཀོ་རི་ཡ་གཏན་ནས་མོས་མཐུན་མེད་པའི་བརྡ་ཞིག་བཏང་ཡོད་པ་རེད། དེང་སྐབས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་ཁྲི་ཚོ་༢་དང་སྟོང་ཕྲག་༨་ཡོད་ཅིང་། ཀོ་རི་ཡའི་དམག་འཁྲུག་གི་རྗེས་སུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་ཅིག་བཞག་ནས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱས་ཡོད། གལ་ཏེ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་ཆིངས་ཡིག་ཅིག་བཞག་ནས་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་དབང་དུ་བཏང་རུང་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་ལ་འགྱུར་བ་ཐེབས་དོན་མེད། ཨ་མི་རི་ཀའི་དམག་གིས་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ལ་འགྱུར་བ་ཐེབས་སྲིད། ཐ་ན་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་ཡང་དགོས་དོན་མེད་པ་ཞིག་ཏུ་འགྱུར་སྲིད། ཉམས་ཞིབ་པ་མང་དག་ཅིག་གིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་དང་ཞི་བདེ་མཉམ་གནས། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་སུ་ཞིག་ཏུ་བསྒྱུར་དགོས་ན་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་དང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་བྱང་ཀོ་རི་ཡས་ཆ་རྐྱེན་འཇོག་གི་ཡོད་པ་ལྡོག་ཐབས་མེད། བྱང་ཀོ་རི་ཡས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་ཨ་མི་རི་ཀས་འགན་ལེན་གྱི་ཆིངས་ཡིག་འཇོག་དགོས། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དོན་མཚན་ཆ་རྣམས་ཕྱིར་བསྡུ་བྱ་དགོས། ད་དུང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཡང་ཕྱིར་འཐེན་བྱ་དགོས་ཞེས་ཨུ་ཚུགས་རྒྱག་རྒྱུ་མཚམས་འཇོག་མི་སྲིད། ལྷོ་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་དང་དེང་རབས་ཅན་གྱི་མཚོན་ཆ། ཨ་མི་རི་ཀས་བྱང་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུ་མིན་པའི་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་ཀྱི་མེད་པ་དང་། ཨ་མི་རི་ཀས་བྱང་ཀོ་རི་ཡ་ངོས་ལེན་བྱས་ནས་ཕྱི་འབྲེལ་འཛུགས་ཀྱི་མེད་པ་བཅས་བྱང་ཀོ་རི་ཡས་བློ་འཚབ་བྱ་དགོས་པའི་གནད་དོན་ཁག་ཡིན། ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དེར་རྒྱ་ནག་གིས་ཀྱང་མོས་མཐུན་ཡོད་མོད། འོན་ཀྱང་ལྷོ་ཀོ་རི་ཡའི་སྤྱི་ཚོགས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་ཞི་འགྲིག་བྱུང་བ་དང་ལྷོ་ཀོ་རི་ཡར་རྒོལ་རྡུང་གི་ཉེན་ཀ་མེད་རུང་། ལྷོ་བྱང་ཀོ་རི་ཡ་གཉིས་ལ་སྔར་བཞིན་རྒྱ་ནག་དང་ཉི་ཧོང་གང་རུང་གི་ཉེན་ཀ་འབྱུང་སྲིད། དེས་ན་ཀོ་རི་ཡའི་གླིང་ཟུར་དེར་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱེད་ན་ལྷོ་བྱང་ཀོ་རི་ཡའི་བདེ་འཇགས་ལ་དགེ་མཚན་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG