ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སར་ཨ་རིའི་དོན་གཅོད་ཁང་སྒོ་འབྱེད་བྱེད་རྒྱུ


ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་བྱེད་དུ་མ་བཅུག་ཚེ། ཨ་མི་རི་ཀའི་ས་ཐོག་ཏུ་རྒྱ་ནག་གི་སྐུ་ཚབ་དོན་གཅོད་ཁང་གསར་པ་སྒོ་འབྱེད་བྱེད་དུ་འཇུག་རྒྱུ་མིན་པ་དང་། ཕྱི་ཟླ་༧་ཚེས་༢༠་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ཕྱི་ལོ་༢༠༡༢་ལོའི་བཀའ་འཁྲོལ་ལག་བསྟར་གྲོས་ཆོད་གཏན་འབེབས་བྱས་ཏེ། ཨ་རིའི་ཕྱི་སྲིད་དྲུང་ཆེར་བོད་ཀྱི་རྒྱལ་ས་ལྷ་སར་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་བྱེད་ཐུབ་པའི་འབད་བརྩོན་བྱེད་དགོས་པ་དང་། དོན་གཅོད་ཁང་དེས་བོད་ལ་ལྟ་སྐོར་དུ་འགྲོ་བ་མི་རི་ཀ་བ་ཚོར་མཐུན་འགྱུར་རོགས་རམ་བྱེད་རྒྱུ། ལྷ་སར་སྒོ་འབྱེད་བྱ་འཆར་ཡོད་པའི་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་མེད་པའི་བོད་ས་ཁག་སྟེ། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་དང་ཡུན་ནན་བཅས་བོད་ཀྱི་ས་གནས་ཁག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་འཕེལ་རྒྱས་སོགས་ལ་རྟོག་ཞིབ་བྱེད་དགོས་པ་དང་། ལྷ་སར་སྒོ་འབྱེད་བྱ་འཆར་ཡོད་པའི་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་དེར་ལོ་རེར་ཨ་སྒོར་ས་ཡ་༥་རེ་གྲོས་ཚོགས་ཀྱིས་འགྲོ་གྲོན་ཆོག་མཆན་སྤྲོད་རྒྱུ། རྒྱ་ནག་གིས་ཨ་མི་རི་ཀར་བོད་ཀྱི་རྒྱལ་ས་ལྷ་སར་དོན་གཅོད་ཁང་དེ་འདྲ་ཞིག་སྒོ་འབྱེད་བྱེད་དུ་མ་བཅུག་ཚེ། ཨ་མི་རི་ཀས་རང་གི་ས་ཐོག་ཏུ་རྒྱ་ནག་ལ་སྐུ་ཚབ་དོན་གཅོད་ཁང་གསར་པ་གང་ཡང་སྒོ་འབྱེད་བྱེད་དུ་འཇུག་རྒྱུ་མིན་ཞེས་འཁོད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བྷོ་སི་ཊོན་དང་ཨེཊ་ལན་ཊ་གྲོང་ཁྱེར་གཉིས་སུ་རྒྱ་ནག་གི་སྐུ་ཚབ་དོན་གཅོད་ཁང་གསར་པ་རེ་སྒོ་འབྱེད་བྱེད་དུ་འཇུག་དགོས་ཞེས་རེ་བ་བཏོན་ཡོད་པ་རེད།

XS
SM
MD
LG