ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཧོང་ཀོང་གི་ཁྲིམས་ཡིག་ལ་རྒྱ་ནག་གིས་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་པའི་ཚེས་༡༥་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག ཕྱི་ཚེས་༡༦་ཉིན་རྒྱ་ནག་གཞུང་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན། རྒྱ་ནག་གི་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་འཛིན་སྐྱོང་ལས་ཁང་གི་ལས་སྣེ་སོགས་ཀྱིས་ཨ་མི་རི་ཀས་ཧོང་ཀོང་གི་དྲག་སྤྱོད་ལས་འགུལ་ཁག་སྣང་མེད་བཏང་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་འདུག འདི་ནི་ཧོང་ཀོང་བ་ཚོས་སྲིད་གཞུང་ལ་གྱེན་ལོག་བྱས་པའི་ངོ་རྒོལ་ཞིག་ལ་ཨ་རིའི་གྲོས་ཚོགས་འོག་མས་རྒྱབ་སྐྱོར་བྱས་པ་རེད་ཅེས་ཁ་རྡུང་དྲག་པོ་བཏང་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་ཨ་རིས་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་པས་རྒྱ་ནག་གིས་ཀྱང་རང་གི་བདག་དབང་དང་ཡར་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་འགོག་རྒོལ་གྱིས་ཐབས་ཇུས་ཤིག་ལག་ལེན་བསྟར་དགོས་ངེས་སུ་གྱུར་ཡོད། གལ་སྲིད་ཁྲིམས་ཡིག་དེ་དངོས་སུ་གཏན་འབེབས་བྱུང་ན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་གནོད་སྐྱོན་འཕོག་རྒྱུ་ཡིན་པར་མ་ཟད། ཨ་མི་རི་ཀའི་ཁེ་ཕན་ལའང་གནོད་ངེས་ཡིན། ཧོང་ཀོང་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་གནད་དོན་ཟེར་པའི་དཀའ་ངལ་ཞིག་མེད། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀུན་སློང་ངན་པ་བཅངས་ནས་ཧོང་ཀོང་གི་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་ལ་གཏོར་བརླག རྒྱ་ནག་གི་ཡར་རྒྱས་གོང་འཕེལ་ལ་མི་བཟོད་པའི་ངན་སེམས་འཆང་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ད་ལོའི་ཕྱི་ཟླ་༦་པའི་ནང་དུ་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན། ཧོང་ཀོང་མི་མང་གིས་ཁྲིམས་གཞི་དེར་ངོ་རྒོལ་བྱས་ནས་དུས་ཡུན་ཟླ་༤་ཙམ་ལ་ངོ་རྒོལ་ལས་འགུལ་མཚམས་ཆད་མེད་ཅིང་། དེ་ནས་ཨ་རིའི་ནེའུ་འཇར་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁེ་རི་སི་སི་མཱི་ཐེས་གྲོས་ཚོགས་འོག་མར་ཧོང་ཀོང་གི་ཁྲིམས་ཡིག་མཚམས་སྦྱོར་གྱིས་ཧོང་ཀོང་གི་ཆབ་སྲིད་འགྱུར་ལྡོག་ལ་གཞིགས་ནས་ཨ་མི་རི་ཀས་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་མོ་དང་མ་འདྲ་བའི་ཚོང་ལས་ཀྱི་གྲུབ་སྡེ་ཐ་དད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བསྐྱར་ཞིབ་བྱ་དགོས་ཞེས་གྲོས་གཞི་བཏོན། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག ད་ལྟ་ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་ཡོད་མེད་འོས་ཤོག་འཕངས་ནས་གྲོས་ཆོད་འཇོག་དགོས། ཨ་རིའི་གྲོས་ཚོགས་གོང་མར་ཉུང་མཐར་ཡང་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་༢༣་གྱིས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཁྲིམས་ཡིག་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུའང་རྒྱབ་སྐྱོར་འཐོབ་རྒྱུའི་ཚོད་དཔག་བྱེད་ཆོག ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཆོད་ཁོངས་སུ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཧོང་ཀོང་ས་གནས་གཞུང་ལ་མི་ཚོགས་སྟངས་འཛིན་གྱི་མཆི་སྦྱིན་དུག་རླངས་སོགས་ཕྱིར་ཚོང་བྱེད་མི་ཆོག རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པ་དང་ཧོང་ཀོང་ས་གནས་གཞུང་གིས་ཞི་བའི་ངོ་རྒོལ་ལ་ཞུགས་པའི་ལས་འགུལ་བ་ཚོར་དྲག་གནོན་ཚབས་ཆེན་བྱས་སོང་ཞེས་བཀོད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་དུའང་གྲོས་ཚོགས་འོག་མའི་གྲོས་ཆོད་དེར་རྒྱབ་སྐྱོར་འཐོབ་ན་ཁྲིམས་ཡིག་དེ་སྲིད་འཛིན་ཌོ་ནལ་ཊམ་ལ་འབུལ་དགོས། སྲིད་འཛིན་གྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་ཐོབ་པའི་ཁྲིམས་ཡིག་དེར་མོས་མཐུན་གྱི་མཚན་རྟགས་བཀོད་ན་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ཨ་རིའི་གཞུང་གིས་ལག་ལེན་བསྟར་དགོས་པའི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགྱུར་རྒྱུ་ཡིན་ཞིང་། དེར་བརྟེན་ཨ་མི་རི་ཀས་ཧོང་ཀོང་ས་གནས་གཞུང་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུ་དང་ཧོང་ཀོང་གི་འགོ་ཁྲིད་ཚོ་ཨ་མི་རི་ཀར་ཡོང་མི་ཆོག་པའི་འགྲིམ་འགྲུལ་བཀག་སྡོམ། སྐྱེ་བོ་གང་ཞིག་གིས་རྒྱལ་སྤྱིའི་ཐོག་ཏུ་ཡོངས་གྲགས་སུ་ངོས་འཛིན་ཐོབ་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལ་བསམ་བཞིན་རྡོག་རོལ་བཏང་ན་དེ་ལ་ཉེས་ཆད་གཅོད་དགོས་པ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་མི་ཁག་ཅིག་གིས་རང་གི་ཚོང་ལས་ཀྱི་ཁེ་ཕན་དོན་དུ་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་གྱི་ཡོད་པ་ནི་ཐ་ཤལ་ཞིག་རེད། ཁྱོད་ཚོ་གདུག་རྩུབ་ཅན་གྱི་སྲིད་གཞུང་ཞིག་གི་རྒྱབ་ཏུ་ལངས་ན་སྒེར་ལ་དཔལ་འབྱོར་གྱི་ཁེ་ཕན་འཐོབ་སྲིད། འོན་ཀྱང་ཁྱོད་ཚོར་འཛམ་གླིང་ཧྲིལ་པོ་ཐོབ་ཀྱང་རང་གི་བླ་སྲོག་ཉམས་ན་དགེ་མཚན་ཅི་ཞིག་འདུག་གམ་ཞེས་ཨ་རིའི་ལག་རྩེད་ལྒང་ལིའི་རྩེད་འགྲན་པ་རེ་ཟུང་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཐོག་ཏུ་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་སྐྱོན་བརྗོད་བྱས་འདུག

ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཨ་རིའི་གྲོས་ཚོགས་འོག་མས་ཁྲིམས་ཡིག་དེ་འདྲ་ཞིག་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། ང་ཚོར་ཕྱི་རྒྱལ་གྱི་གྲོས་ཚོགས་ཤིག་གིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་འཛིན་ལམ་ལུགས་གལ་གནད་ཆེན་པོ་ཇི་ལྟར་ཡིན་མིན་བཤད་མི་དགོས་ཞེས་དགག་པ་བརྒྱབ གཟའ་ལྷག་པའི་ཉིན་ཁེ་རི་ལམ་གྱིས་ཧོང་ཀོང་གི་གྲོས་ཚོགས་ལ་ལོ་རེའི་སྲི་ཞུ་སྙན་སྒྲོན་གྱི་གཏམ་བཤད་བྱས་ཀྱང་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མི་མང་ངོ་རྒོལ་བས་བཏོན་པའི་དགོས་འདུན་དོན་ཚན་ལྔ་པོར་མོས་མཐུན་བྱ་དགོས། དོན་ཚན་གཅིག་ཀྱང་ཆད་མི་ཆོག་ཅེས་སྐད་ཅོར་བརྒྱབ་ནས་སྲི་ཞུ་སྙན་སྒྲོན་གྱི་གཏམ་བཤད་མཇུག་སྐྱོང་བྱེད་དུ་བཅུག་མེད་ཅིང་། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོར་ཉེན་རྟོག་པའི་དྲག་གནོན་ཚབས་ཆེན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ད་བར་ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པའི་ངོ་རྒོལ་ལས་འགུལ་བ་ཚོ་གློད་གྲོལ་གཏོང་དགོས། འཛིན་བཟུང་འོག་ཏུ་ཡོད་པའི་ངོ་རྒོལ་ལས་འགུལ་བ་ཚོར་ནག་ཉེས་འཛུགས་མི་ཆོག ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས། ཧོང་ཀོང་ས་གནས་གཞུང་གིས་རྩིས་སྤྲོད་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་འཆར་ཡོད་པ་གཞུང་འབྲེལ་གྱིས་ཕྱིར་འཐེན་བྱ་དགོས་ཞེས་དགོས་འདོན་བཏོན། ཁེ་རི་ལམ་གྱི་སྲི་ཞུ་སྙན་སྒྲོན་གྱི་གཏམ་བཤད་སྐབས་སུ་རྩིས་སྤྲོད་ཁྲིམས་གཞི་དངོས་སུ་ཕྱིར་འཐེན་བྱས་པ་ཡིན་ཞེས་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱ་འཆར་ཡོད་མོད། འོན་ཀྱང་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་སྐད་བརྒྱབ་པ་དང་ཁ་རྡུང་བཏང་བ། ཁོ་ཚོས་ཁེ་རི་ལམ་ལ་ཤོག་སྙིགས་དང་དེབ་སོགས་ཀྱིས་རྡོ་རྡུང་བྱས་ནས་གཏམ་བཤད་མཚམས་བཅད། མཐར་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་གྲོས་ཚོགས་ཁང་ནས་ཕྱི་ལ་འཁྲིད་དགོས་ཐུག་འདུག

རྒྱ་ནག་གི་ཉམས་ཞིབ་པ་ཚོས་པེ་ཅིང་གི་དབང་འཛིན་པ་ཚོས་ངར་སྐད་བསྒྲགས་ནས་ཨ་མི་རི་ཀར་ཁ་རྡུང་གཏོང་སྲིད། ཡིན་ནའང་རྒྱ་ནག་གིས་ཨ་མི་རི་ཀར་ལག་ལེན་གྱི་ཐོག་ཏུ་ལན་པ་ཅི་ཡང་སློག་མི་སྲིད། ད་ལྟ་གྲོས་མོལ་གྱི་འཕྲོ་རྒྱུན་སྐྱོང་བཞིན་པའི་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་ཧོང་ཀོང་གི་གནད་དོན་འདིས་འགོག་རྐྱེན་ཐེབས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། པེ་ཅིང་གི་མི་དམངས་སློབ་གྲྭ་ཆེན་མོའི་མཁས་པ་ཧྲི་དབྱིན་ཧུང་གིས་ཨ་རིའི་ཁྲིམས་ཡིག་དེ་འདྲ་ཞིག་གཏན་འབེབས་བྱས་ན་རྒྱ་ནག་ཁོང་ཁྲོ་ལང་རྒྱུ་ཡིན་པས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་འགོག་རྐྱེན་འཕྲད་སྲིད་ཅེས་བཤད། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་མཁས་པ་ལིའུ་ཝེ་ཏུང་ཞེས་པ་ཞིག་གིས་ཁྲིམས་ཡིག་དེ་གནད་འགག་ཆེན་པོ་ཞིག་མ་རེད། ཨ་མི་རི་ཀས་ཁྲིམས་ཡིག་དེ་འདྲ་མང་པོ་ཞིག་གཏན་འབེབས་བྱས་མྱོང་ཡོད། པེ་ཅིང་གིས་ཨ་རིའི་ཁྲིམས་ཡིག་དེ་རྣམས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་སྤྱད་ཅིག་རེད་ཅེས་དགག་པ་བརྒྱབ་མྱོང་ཡོད། ཁྲིམས་ཡིག་འདིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགལ་རྐྱེན་ཆེན་པོ་ཞིག་སློང་མི་ཐུབ་ཅེས་བཤད། གལ་སྲིད་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་དམིགས་ནས་ཧོང་ཀོང་གི་ཁྲིམས་ཡིག་དེར་རྒྱབ་སྐྱོར་གྱི་མིང་རྟགས་མ་བཀོད་ཚེ། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མིའི་གསུམ་ཆའི་གཉིས་ཀྱིས་འོས་ཤོག་འཕངས་ནས་སྲིད་འཛིན་གྱི་དགག་བྱ་དེར་ཆོད་སློག་གཏོང་ཆོག་གི་ཡོད་པ་རེད།

XS
SM
MD
LG