ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གཞུང་ཚབ་པས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་།


ཨ་མི་རི་ཀའི་ཕྱི་སྲིད་དུས་དེབ་ཀྱི་གསར་འགོད་པས་པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་གྷེ་རི་ལོཀ་ལ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དང་པེ་ཅིང་གི་མཁའ་རླུང་འབག་བཙོག ཨེ་ཤི་ཡའི་བདེ་འཇགས་དང་པའོ་ཤཱི་ལེའི་བཙོན་འཇུག་གི་ཁྲིམས་ཆད། ཨ་མི་རི་ཀའི་བདེ་འཇགས་ཉམས་ཞིབ་པ་ཟུར་པ་ཞིག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང་དྲ་ལམ་གྱི་བདེ་འཇགས་སྲུང་སྐྱོབ། ལྷག་པར་དུ་བདུན་ཕྲག་སྔོན་མར་ཞིན་ཅང་གི་ཡུ་གུར་པའི་ཁྱིམ་ཚང་གཅིག་གིས་བཟའ་མི་ཚོས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ལ་རླངས་འཁོར་ཞིག་གིས་རྡུང་ག་བརྒྱབ་སྟེ། མི་༥་ལ་སྲོག་སྐྱོན་དང་མི་༤༠་ཡས་མས་ཤིག་རྨས་སྐྱོན་ཕོག་པའི་གནས་ཚུལ་བཅས་ལ་བཅར་འདྲི་ཞུས་མོད། ཡིན་ནའང་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པའི་སྐབས་སུ་ཨ་རིའི་གཞུང་ཚབ་པས་རྒྱ་ནག་གཞུང་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རྫི་བཏང་བ་རེད་ཅེས་ཐེངས་འགའ་བཤད་པས། གསར་འགོད་པས་ཨ་རིའི་གཞུང་ཚབ་པར་རྒྱ་ནག་གཞུང་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རྫི་གཏོང་གི་འདུག་གམ་ཞེས་དྲིས་ཤིང་། ཨ་རིའི་གཞུང་ཚབ་པས་ང་ཚོས་སྔ་མོ་ནས་རྒྱ་ནག་གཞུང་ལ་ཞིན་ཅང་དང་དེ་མིན་གྱི་རྒྱ་ནག་གི་ས་གནས་གཞན་ཁག་ཏུ་རིག་གཞུང་མ་འདྲ་བ་དང་སྐད་ཡིག་མ་འདྲ་བ། ཆོས་ལུགས་མ་འདྲ་བ་ཡོད་པ་དེ་དག་ལ་བརྩི་འཇོག་བྱེད་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད་ཅེས་བཤད་ལན་འདེབས་བྱས་འདུག དེ་ནས་གསར་འགོད་པས་སླར་ཡང་འོ་ན་ཁྱོད་ལ་རྒྱ་ནག་གཞུང་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རྫི་གཏོང་གི་ཡོད་མེད་ཐད་ལྟ་ཚུལ་གང་ཡང་མེད་དམ་ཞེས་དྲིས། ཨ་རིའི་གཞུང་ཚབ་པས་ང་ཚོས་བསྐྱར་ཟློས་ཡང་ཟློས་ཀྱི་སྒོ་ནས་རྒྱ་ནག་གཞུང་ལ་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་རྣམས་གཅེས་འཛིན་བྱེད་དགོས་པའི་ནན་བརྗོད་བྱས་ཡོད་ཅེས་ལན་འདེབས་བྱས་ཡོད་པ་དང་། ཕྱི་སྲིད་དུས་དེབ་ཀྱི་གསར་འགོད་པས་བསྐྱར་དུ་ཨ་རིའི་གཞུང་ཚབ་པར་ཁྱོད་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཏུ་གླེང་སློང་བྱེད་འདོད་མེད་པ་ཡིན་ནམ། ང་ཚོས་བལྟས་ན་འགལ་ཟླ་གཉིས་འདུག གཅིག་ནི་ཡུ་གུར་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག ཁོ་ཚོའི་ཡུལ་སྲོལ་གོམས་གཤིས་རྣམས་གཅེས་འཛིན་བྱས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་གཏོང་ཆོག་པ་ཞིག་དང་། གཅིག་ནི་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམས་གཤིས་རྣམས་གཅེས་འཛིན་མ་བྱས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་གཏོང་མི་ཆོག་པ་ལྟ་བུའི་དོན་དག་གཉིས་གོ་ཡི་འདུག ཨ་རིའི་གཞུང་གིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལངས་ཕྱོགས་གང་འདྲ་ཞིག་བཟུང་ཡོད་ཅེས་དྲིས། ཨ་རིའི་གཞུང་ཚབ་པས་སླར་ཡང་ང་ཚོའི་སེམས་པར་ཞིན་ཅང་གི་ཡུ་གུར་མི་དམངས་ལ་རང་གི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་རྣམས་གཅེས་འཛིན་བྱེད་ཆོག་པའི་ཐོབ་ཐང་ཆེན་པོ་ཞིག་ཡོད་པ་དེར་རྒྱ་ནག་གཞུང་གིས་བརྩི་འཇོག་བྱེད་དགོས་པར་སྙམ་ཞེས་ལན་འདེབས་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG