ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་མཚོ་དམག་གི་ལྡིང་དཔོན་ཞིག་ལ་སོ་མྱུལ་གྱི་ནག་ཉེས་ཕོག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་མི་རི་ཀའི་མཚོ་དམག་གི་ལྡིང་དཔོན་བཀོད་འདོམས་པ་ཨེ་ཌི་ཝར་ཌི་ལིན་གྱི་སྐྱེས་ཡུལ་ཐེ་ཝན་ཡིན་པ་དང་། ཁོ་པའི་ཕ་མ་གཉིས་ལོ་མང་གོང་དུ་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་སྟེ། ༢༠༠༨་ལོར་ཨེ་ཌི་ཝར་ཌི་ལིན་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར་ཡོད་ཅིང་། ཨ་མི་རི་ཀའི་མཚོ་དམག་གི་གཞུང་འབྲེལ་ཡིག་ཆའི་ནང་དུ་འཁོད་པ་ལྟར་ན། ཨེ་ཊི་ཝར་ཌི་ལིན་ལ་ཨ་རིའི་མཚོ་དམག་གི་སྐོར་གཡེང་དང་མྱུལ་ཞིབ་དབུས་སྤྱི་ཁྱབ་ཁང་དུ་ལས་བགོས་བརྒྱབ་སྟེ། ལས་ཁུངས་དེ་ཨ་མི་རི་ཀའི་མཚོ་དམག་གིས་གསང་བའི་གནས་ཚུལ་བསྡུ་རུབ་བྱ་ཡུལ་གཙོ་བོ་ཞིག་ཡིན་པ་དང་། ཨེ་ཌི་ཝར་ཌི་ལིན་གྱིས་ཨ་མི་རི་ཀའི་མཚོ་དམག་གི་གསང་བའི་གནས་ཚུལ་གནད་འགག་ཅན་ཁག་ཅིག་རྒྱ་ནག་དང་ཐེ་ཝན་གང་རུང་ངམ། ཡང་ན་རྒྱ་ནག་དང་ཐེ་ཝན་གཉིས་ཀར་མཁོ་སྤྲོད་བྱས་ཡོད་སྲིད་པའི་དོགས་པ་ཡོད་ཅེས་ནག་ཉེས་བཙུགས་འདུག ཨ་རིའི་མཚོ་དམག་གིས་ཉེས་འཛུགས་ཀྱི་ཡིག་ཆའི་ནང་དུ་ལྡིང་དཔོན་ཨེ་ཌི་ཝར་ཌི་ལིན་གྱིས་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་མི་སྣ་ཞིག་ལ་ཨ་མི་རི་ཀའི་མཚོ་དམག་གི་གསང་བའི་གནས་ཚུལ་ཐེངས་གཉིས་མཁོ་སྤྲོད་བྱས་ཡོད། ཁོ་པས་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་མི་སྣ་དེར་ཨ་མི་རི་ཀའི་མཚོ་དམག་གི་གསང་བའི་གནས་ཚུལ་ཐེངས་གསུམ་ལ་མཁོ་སྤྲོད་བྱ་ཐབས་བྱས་པ་དང་། ཨེ་ཌི་ཝར་ཌི་ལིན་གྱིས་ཨ་རིའི་མཚོ་དམག་གི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱ་ཡུལ་རྒྱ་ནག་དང་ཐེ་ཝན་གཉིས་ཀ་ཡིན་སྲིད་ཅེས་ཉེས་འཛུགས་ཡིག་ཆའི་ནང་དུ་འཁོད་ཀྱང་རྒྱ་ནག་དང་ཐེ་ཝན་གཉིས་ཀས་གནས་ཚུལ་དེའི་སྐོར་ཅི་ཡང་ཤེས་རྟོགས་མ་བྱུང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་པ་ཡོད་པ་རེད། ཨེ་ཌི་ཝར་ཌི་ལིན་ལ་སྨན་ཚོང་མ་གླས་པ་དང་རང་གི་བཟའ་ཟླ་མ་ཡིན་པའི་བུད་མེད་གཞན་གབ་མཐུན་བྱས་པ། ཁོ་པ་ཕྱི་རྒྱལ་ལ་སྐོར་སྐྱོད་བྱས་པ་ཨ་རིའི་གཞུང་ལ་གསང་བ་བྱས་ནས་ཕྱི་རྒྱལ་དུ་སོང་ཡོད་ཅེས་རྫུན་བཤད་པའི་ནག་ཉེས་ཁག་ཅིག་ཀྱང་བཙུགས་ཡོད་པ་དང་། ཨ་མི་རི་ཀའི་མཚོ་དམག་གིས་དེང་རབས་ཅན་གྱི་འཕྲུལ་ཆས་རྩེད་ཕུད་རྣམས་བཙུགས་པའི་སྐོར་གཡེང་དང་མྱུལ་ཞིབ་ཀྱི་གནམ་གྲུ་དང་། ཁ་ལོ་བ་མེད་པའི་གནམ་གྲུ་ཆུང་ཆུང་བཏང་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱས་ཏེ། གསང་བའི་གནས་ཚུལ་དེ་རྣམས་གློག་གི་བརྡ་རྟགས་བརྒྱུད་ནས་ཨ་མི་རི་ཀའི་མཚོ་དམག་གི་དབུས་གསང་བའི་ལས་ཁང་ལ་ཇི་ལྟར་གཏོང་གི་ཡོད་མེད་དང་། ཨ་མི་རི་ཀའི་མཚོ་དམག་གི་གནམ་གྲུ་དེ་ཚོས་ས་གནས་གང་ལ་མྱུལ་ཞིབ་དང་སྐོར་བྱེད་ཀྱི་ཡོད་མེད། ཨ་མི་རི་ཀའི་མཚོ་དམག་གིས་གསང་བའི་གནས་ཚུལ་རིགས་གང་འདྲ་ཞིག་བསྡུ་རུབ་བྱེད་ཀྱི་ཡོད་མེད་བཅས་ལ་ཨེ་ཌི་ཝར་ཌི་ལིན་ཆ་རྒྱུས་ཟབ་མོ་ཡོད་པ་རེད།།

XS
SM
MD
LG