ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་བསྐྱར་དུ་བོད་མིས་རང་སྲེག་ངོ་རྒོལ་བྱས་པ།


ད་རིང་སྔ་དྲོ་བོད་ཀྱི་ས་ཁུལ་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་བོད་མི་ ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གནང་འདུག་པ་དང་། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་ འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་དོན་ལ་་ད་རིང་ བོད་ཀྱི་དུས་ཚོད་ལྟར་བྱས་ན་སྔ་དྲོའི་ཚོུད་ ༡༡་༣༠ ཙམ་ལ་རྔ་པ་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། དེ་ཙམ་དུས་ཚོད་མ་སོང་བར་རྒྱ་ནག་གཞུང་གིས་ནམ་རྒྱུན་ས་གནས་སུ་འགྲེམས་འཇོག་ བྱས་ཡོད་པའི་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་ཁོང་གི་སྐུ་གཟུགས་སྟེང་གི་མེ་ བསད་པའི་རྗེས་སྨན་ཁང་དུ་ཁྲིད་འདུག་ཀྱང་། དེ་རྗེས་ཀྱི་གནས་ཚུལ་ཇི་ཆགས་ཤེས་རྟོགས་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་རྒྱ་ནག་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ ནས་བོད་མི་ ༡༢༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་ནི་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་ ༡༢༨ དེ་ཡིན་པ་རེད། གནས་ཚུལ་ཐོན་པར་གཞིགས་ན་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་ལ་ངོ་རྒོལ་གནང་ མཁན་བོད་མི་དེ་རྔ་པ་ཀིརྟི་དགོན་པ་ནས་ཡིན་པ་དང་ཁོང་གི་སྐྱ་མིང་ལ་མཁས་མཆོག་ དང་གྲ་མིང་ལ་བློ་བཟང་དཔལ་ལྡན་ཡིན་པ་དང་། རང་ལོ་ ༢༠ ཡས་མས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

བློ་བཟང་དཔལ་ལྡན་ལགས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རི་ཆེན་གསུམ་པའི་ཨ་ཤེར་ ཚང་ཡིན་ཞིང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཡིན་འདུག མི་ཚང་དེར་རྔ་པ་ཀིརྟི་དགོན་དུ་གྲྭ་པ་སྤུན་གཉིས་ཡོད་པ་ནས་ཆེ་བ་དེ་ཡིན་ཞིང། ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ད་ལྟ་འཛིན་གྲྭ་ བསྡུས་ཆེན་ལ་བསླེབས་ཡོད་པ་རེད།

ཡང་རྒྱ་ནག་གཞུང་གཉེར་ཤིན་ཧྭ་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་མཚོ་ སྔོན་ཞིང་ཆེན་རྨ་ལྷོ་རང་སྐྱོང་ཁུལ་དུ་བོད་མི་གཞན་ཞིག་གིས་ཤར་སྡེ་རི་དགོན་ཞེས་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར་གནས་ཚུལ་སྤེལ་ འདུག ཤིན་ཧྭ་གསར་འགྱུར་ལས་ཁང་གིས་རྩེ་ཁོག་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་རང་ལུས་ མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་བ་དེ་བདེན་པ་ཡིན་ཚུལ་བཤད་པ་ལུང་འདྲེན་བྱས་ ཏེ་གནས་ཚུལ་དེ་སྤེལ་འདུག་ཀྱང་། དུས་ཚོད་དང་མིང་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག གནས་ཚུལ་འདིའི་སྐོར་ང་ཚོས་བརྩད་གཅོད་བྱེད་བཞིན་ཡོད་པས་རྗེས་སུ་ཤེས་རྟོགས་ བྱུང་མཚམས་སྙན་སྒྲོན་ཞུ་རྒྱུ་ཡིན།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG