ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཊམ་གྱི་འཚམས་འདྲི་དང་སྤྱི་མཐུན་ཚོགས་པའི་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་གི་སྲིད་གཞུང་ཚུགས་པའི་རྒྱལ་སྟོན་དུས་ཆེན་ཚུགས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བའི་དགའ་སྟོན་ལ་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་ནག་མི་དམངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༡༠་པའི་ཚེས་༢་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་དོན་ཚོགས་པ་སྟེ། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་དགའ་སྟོན་ལ་བཟང་ཕྱོགས་ཀྱི་གླེང་སློང་ཅི་ཡང་མེད་པར་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་ཚན་ཁག་གིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཞིས་ཅིན་ཕིང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་རུ་སྒྲིག་ལ་གཟིགས་ཞིབ་བྱས་ཀྱང་ཧོང་ཀོང་གི་ཉེན་རྟོག་པས་འཛིན་རིམ་༡༢་ཅན་གྱི་སློབ་ཕྲུག་ཅིག་གི་བྲང་ཁོག་ལ་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཕོག་འདུག ལོ་༣༠་གོང་དུ་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོ་དམར་གསོད་བྱས་རེད། གནམ་བདེ་སྒོ་མོ་ཆེའི་ཐང་གི་དམར་གསོད་དང་ཧོང་ཀོང་གི་ཉེན་རྟོག་པས་ན་གཞོན་ངོ་རྒོལ་བ་ཞིག་ལ་མེ་མདའ་བརྒྱབ་པ་བཅས་ལ་བལྟས་ཚེ། རྒྱ་ནག་དམར་ཤོག་ཚོགས་པས་མི་དམངས་ལ་མཐའ་གཅིག་ཏུ་དབང་སྒྱུར་བྱེད་པར་གདུག་རྩུབ་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དེར་འཛེམ་ཟོན་མེད་པ་ར་སྤྲོད་བྱུང་སོང་ཞེས་སྐྱོན་བརྗོད་བྱས་ཤིང་། ཊོས་ཊར་དྲྭ་ལམ་དུ་སྤེལ་བའི་འཕྲིན་ཐུང་དེས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༢༡་ཀྱི་ལྟ་བ་དང་ལངས་ཕྱོགས་མཚོན་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཞིས་ཅིན་ཕིང་ལ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཧོང་ཀོང་གི་ཉེན་རྟོག་པས་འཛིན་རིམ་༡༢་ཅན་གྱི་སློབ་ཕྲུག་གཅིག་ལ་མེ་མདའ་བརྒྱབ་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འགལ་ཟླ་ཞིག་ཡིན། འདི་ནི་སྲིད་འཛིན་ཌོ་ནལ་ཊམ་དང་ཁོང་གི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ལྟ་བ་དང་ལངས་ཕྱོགས་གཅིག་མཚུངས་མིན་པ། ཐ་ན་སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོའི་བར་དུ་འགལ་ཟླ་ཞིག་འབྱུང་གི་ཡོད་པའི་རྟགས་མཚན་ཡིན་སྲིད། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གཞན་ཚོས་ཀྱང་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ངོ་རྒོལ་ཁྲོམ་སྐོར་ལང་གི་ཡོད་པའི་འབྱུང་རྩ་ནི་རྒྱ་ནག་གཞུང་ལ་ཐུག་ཡོད། རྒྱ་ནག་གིས་ཧོང་ཀོང་གཅིག་པུ་མ་ཡིན་པར་རྒྱ་ནག་རྒྱལ་ཡོངས་སུ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་གྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་མཱི་ཆི་མཱེ་ཁ་ནོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༧༠་འཁོར་བའི་དགའ་སྟོན་ཚུགས་ཀྱི་ཡོད་ཀྱང་རྒྱ་ནག་གི་ལས་སྣེ་ཚོས་སྐྱེ་བོ་སྒེར་གྱི་རང་དབང་དང་གཞི་རྩའི་ཐོབ་ཐང་རྩོད་མཁན་ཧོང་ཀོང་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་ནི་ཧ་ཅང་མ་འཚམས་པ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་དུས་དང་རྣམ་པ་ཀུན་ཏུ་ལྟ་སྤྱོད་མི་མཐུན་པ་ཚོར་དྲག་གནོན་བྱེད་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ།

རྒྱ་ནག་གི་འགོ་ཁྲིད་ཚོས་དམར་ཤོག་གི་སྲིད་གཞུང་ཚུགས་ནས་ལོ་༧༠་འཁོར་བའི་དགའ་སྟོན་ཉིན་ངོ་རྒོལ་མེད་པ་དང་ཟིང་ཆ་མི་འབྱུང་བ། ཕྱི་ཟླ་༡༠་པའི་ཚེས་༡་གི་ཉིན་མོ་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གྲུབ་འབྲས་ངོམ་རྒྱུ་དང་རྒྱ་ནག་གི་གཟི་བརྗིད་ངོམ་པའི་དུས་སྐབས་ཤིག་ཏུ་འགྱུར་དགོས་པའི་འབད་བརྩོན་བྱས་ཀྱང་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ཟིང་ཆ་ཆེན་པོ་ལངས་པར་བརྟེན། ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མཱེ་ཁ་ནོས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་སྡེབ་འགོག་བཙོན་ཁང་དུ་བཅུག་པ་དང་དེང་རབས་ཅན་གྱི་འཕྲུལ་ཆས་བཙུགས་ནས་རྒྱ་ནག་མི་དམངས་ལ་ལྟ་སྲུང་ནན་པོ་བྱེད་པ། རྒྱ་ནག་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱས་ནས་རང་དབང་གི་གནས་ཚུལ་འགྲེམ་སྤེལ་བྱེད་དུ་འཇུག་གི་མེད་ཅིང་། ཞིས་ཅིན་ཕིང་གིས་སྤྱི་ཚོགས་དང་ཆབ་སྲིད་ལ་སྟངས་འཛིན་བྱེད་པའི་ལག་ཆ་ཡོད་དོ་ཅོག་བཀོལ་སྤྱོད་བྱས་ནས་མའོ་ཙེ་ཏུང་གི་དེང་རབས་རྒྱ་ནག་གཅིག་སྲུང་སྐྱོབ་བྱེད་ཀྱིན་འདུག་ཅེས་བཤད་ཡོད་པར་མ་ཟད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གཞན་པ་ཚོས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་ཝ་ཡོ་མཱི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལི་ཛི་ཆེ་ཎིས་ཨ་མི་རི་ཀ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཏུ་གདུག་རྩུབ་མྱོང་མཁན་དང་རྒྱ་ནག་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད། ང་ཚོས་ཞིན་ཅང་གི་ཡུ་གུར་བ་དང་ཧོང་ཀོང་། ཐེ་ཝན་སོགས་ལ་རྒྱབ་སྐྱོར་བྱ་དགོས། རྒྱ་ནག་དམར་ཤོག་ཚོགས་པ་ལོ་རྒྱུས་ཀྱི་ཐལ་བའི་ནང་དུ་གཡུག་ཐུབ་པའི་འཐབ་རྩོད་བྱ་དགོས་ཞེས་བཤད་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་ཨ་མི་རི་ཀར་ཚོང་ལས་ཆ་མཉམ་མིན་པའི་སྲིད་ཇུས་ཤིག་འཛིན་གྱི་འདུག་ཅེས་ཁ་རྡུང་དྲག་པོ་བཏང་རུང་ཞིས་ཅིན་ཕིང་རླབས་ཆེན་གྱི་འགོ་ཁྲིད་ཅིག་རེད་ཅེས་བསྔགས་བརྗོད་བྱས་པ་དང་། ཁོ་པ་སྲིད་འཛིན་ཞིས་ཅིན་ཕིང་ལ་སྒེར་གྱི་འབྲེལ་བ་བཟང་པོ་ཡོད་ཅེས་བསྒྲགས། མིང་འདོན་མ་བྱས་པའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཞིག་གིས་ཧོང་ཀོང་གི་ངོ་བ་ཞིག་ལ་མེ་མདའ་བརྒྱབ་པའི་ཉིན་མོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་ནི་སྐྱུག་བྲོ་བའི་སྤྱོད་པ་ཞིག་རེད། ཌོ་ནལ་ཊམ་ཨ་མི་རི་ཀའི་སྲིད་འཛིན་ཡིན་པའི་ཆ་ནས་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་བཅས་ལ་རྒྱབ་སྐྱོར་གྱི་གཏམ་བཤད་བྱ་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཅིའི་ཕྱིར་རྟག་ཏུ་གོ་སྐབས་དམ་འཛིན་བྱེད་ཀྱི་མེད་པ་རེད་དམ། འདི་ནི་ང་ཚོའི་བློ་ཡུལ་ལ་གཏན་ནས་ཤོང་ཐུབ་པ་ཞིག་མ་རེད་ཅེས་བཤད། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་ཆོག་ཅེས་འོས་ཤོག་འཕངས།


ད་ལོ་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་རྣམས་རྒྱ་ནག་ལ་ཕྱིར་སློག་བྱེད་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན། དེར་བརྟེན་འདས་པའི་ཟླ་བ་༤་ཡས་མས་ཤིག་ལ་ཧོང་ཀོང་མི་མང་གིས་ཁྲིམས་གཞི་དེར་ངོ་རྒོལ་བྱས་པ་དང་མཐའ་མཇུག་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་གཞི་དེ་ཕྱིར་བསྡུ་བྱ་དགོས་བྱུང་ཡོད། ཁ་སང་གི་རྒྱལ་སྟོན་དུས་ཆེན་གྱི་གཏམ་བཤད་ནང་དུ་ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་དང་མངའ་ཁུལ་དེའི་གཞི་རྩའི་བཅའ་ཁྲིམས་ལ་རྒྱ་ནག་གཞུང་གིས་བརྩི་འཇོག་བྱ་རྒྱུ་ཡིན། ཧོང་ཀོང་གི་ཡར་རྒྱས་དང་ཞི་བདེ་བརྟན་ལྷིང་ལ་རྒྱ་ནག་གིས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་ཀྱང་དོན་དངོས་སུ་ཧོང་ཀོང་མི་དམངས་ཀྱིས་མངའ་ཁུལ་དེའི་སྤྱི་ཁྱབ་འགན་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་དགོས་འདུན་བཏོན་པ་ཁག་ལ་མོས་མཐུན་བྱེད་ཀྱི་མེད་ཅིང་། ཞིས་ཅིན་ཕིང་གིས་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་ཁྱེར་ལྟ་བུ་ཞིག་ལ་སྒྱུར་གྱི་ཡོད་རུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་ནན་པོ་ཞིག་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG