ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བལ་ཡུལ་ལ་ཞིས་ཅིན་ཕིང་གི་དགོངས་པ་ཁྱབ་སྤེལ།


༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་རུ་ཁག་ཅིག་བལ་ཡུལ་ལ་སླེབས་ནས་རྒྱལ་ཁབ་དེའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་ཚོགས་མི་ཚོར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་དགོངས་པ་ཁྱབ་སྤེལ་བྱེད་ཀྱི་ཡོད་ཅིང་། ཞིས་ཅིན་ཕིང་གི་དགོངས་པ་ཁྱབ་སྤེལ་གྱི་ཚོགས་འདུ་སྟེ། བལ་ཡུལ་དང་རྒྱ་ནག་གི་མཛའ་འབྲེལ་བགྲོ་གླེང་ཞེས་པར་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལིས་གཏམ་བཤད་བྱས་པས་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཁག་ཅིག་གིས་སྲིད་བློན་ཨོ་ལིའི་གཞུང་གིས་བལ་ཡུལ་ལ་ཞིས་ཅིན་ཕིང་གི་དགོངས་པ་ཁྱབ་སྤེལ་གྱི་བགྲོ་གླེང་འཚོགས་ཀྱི་ཡོད་པ་རྒྱ་ནག་ལ་སྤྲེལ་ལད་འཁྲབ་པའི་ཆེད་དུ་ཡིན། རྒྱ་ནག་དང་བལ་ཡུལ་གྱི་སྤྱི་ཚོགས་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱི་རྩ་ཁྲིམས་དང་ཆབ་སྲིད་ལམ་ལུགས། འཛིན་སྐྱོང་ལམ་ལུགས་སོགས་རྩ་བའི་ཆ་ནས་ཐ་དད་རེད་ཅེས་དགག་པ་བརྒྱབ། དཔེར་ན་བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་གཙོ་འཛིན་གཞོན་པ་ཎི་དྷི་ཞེས་པ་ཞིག་གིས་ཀ་ཐེ་མན་དྷུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ང་ཚོའི་རྩ་ཁྲིམས་དང་ཆབ་སྲིད་ལམ་ལུགས་གཉིས་དམངས་གཙོའི་གཞི་རྩར་བརྟེན་ཏེ་སྲིད་དོན་ཚོགས་པ་སྣ་མང་དང་མནའ་འབྲེལ། གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཡིན། དམངས་གཙོའི་གཞི་རྩ་འདི་རྣམས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་ཚང་མེད། གལ་སྲིད་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་ཚོར་སྦྱོང་བརྡར་སྤྲད་ནས་རྒྱ་ནག་གི་དབང་འཛིན་ཤོག་ཁག་ལྟར་བསྒྱུར་པ་ཡིན་ན་དེ་ལ་ནམ་ཡང་འཐད་པ་མེད་ཅེས་དགག་པ་བརྒྱབ་འདུག

བལ་ཡུལ་དང་རྒྱ་ནག་གི་མཛའ་འབྲེལ་བགྲོ་གླེང་གི་ཚོགས་འདུའི་སྒོ་འབྱེད་དེར་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་སློབ་གྲྭའི་སྤྱི་ཁྱབ་ཨི་ཤི་ཝར་པོཀ་རེལ་གྱིས་བལ་ཡུལ་དང་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས། ཆབ་སྲིད་དང་ས་ཁམས་ཆགས་ཡུལ་བཅས་ལ་མི་འདྲ་བའི་ཁྱད་པར་ཡོད་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་ཞེས་བཤད། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་སྡེ་ཚན་གྱི་འགོ་ཁྲིད་སུང་ཏའོ་ཞེས་པ་ཞིག་གི་འགོ་ཁྲིད་འོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་ཚོགས་མི་སོགས་མི་༥༠་ལྷག་གི་སྐུ་ཚབ་ཚོགས་པ་ཞིག་བལ་ཡུལ་དུ་འབྱོར་ཏེ་སྲིད་བློན་ཤཱར་མ་ཨོ་ལིར་ཐུག་འཕྲད་བྱུང་། ཁོ་ཚོས་བལ་ཡུལ་གྱི་ཡར་རྒྱས་གོང་འཕེལ་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱ་ངེས་ཡིན་ཞེས་ཁག་ཐེག་བྱས་ཤིང་། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་རྗེས་སུ་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དབང་ཐང་ཅན་དེར་གྱུར་ཡོད་པས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་ལ་དབང་སྒྱུར་དམ་པོ་བྱས་ཡོད་པར་མ་ཟད། ༢༠༡༧་ལོར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་སམ། བསྡུས་དོན་ལ་ཞིས་ཅིན་ཕིང་གི་དགོངས་པ་ཞེས་པ་ཞིག་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སུ་བཀོད། ཞིས་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁོངས་སུ་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ལྟ་བུའི་རྒྱ་ནག་གི་ཕྱི་སྲིད་ཀྱང་འདུས། བལ་ཡུལ་ཡང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་ཁོངས་སུ་མཉམ་ཞུགས་བྱས་འདུག

ཟླ་བ་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པས་ཉམས་ཞིབ་པ་ཚོས་བལ་ཡུལ་གྱི་དམར་ཤོག་ཚོགས་པས་རང་གི་ཚོགས་མི་ཚོར་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་དུ་བཅུག་ནས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་ཀྱི་འདུག་ཅེས་བཤད། བལ་ཡུལ་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་གར་གྱི་སྲིད་བློན་མོ་དྷི་བལ་ཡུལ་ལ་འཚམས་འདྲིར་ཕེབས་ན་སྲིད་བློན་ཤཱར་མ་ཨོ་ལིའི་ཕྱི་སྲིད་ནི་རྒྱ་གར་གྱི་བྷ་ར་ཏི་ཡ་ཇན་ཏ་ཚོགས་པའི་ཕྱོགས་སུ་འགྱུར། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་འཚམས་འདྲིར་ཕེབས་ན་སྲིད་བློན་ཤཱར་མ་ཨོ་ལིའི་ཕྱི་སྲིད་ནི་རྒྱ་ནག་གི་དམར་ཤོག་ལམ་ལུགས་ལ་འགྱུར་གྱི་འདུག་ཅེས་བཤད། སྲིད་བློན་ཨོ་ལིས་བལ་ཡུལ་གྱི་ལམ་ཕྱོགས་དང་ལྟ་བར་སྐབས་བསྟུན་གྱིས་འགྱུར་བ་གཏོང་གི་ཡོད་པར་ཀོང་རེ་སི་ཚོགས་པ་དང་དེ་མིན་གྱི་སྲིད་དོན་ཚོགས་པ་ཁག་གི་མཐོ་རིམ་འགོ་ཁྲིད་ཁག་དང་གནད་ཡོད་མི་སྣ་རྣམས་བློ་མ་བདེ་བ་ཞིག་ཏུ་འགྱུར་གྱི་ཡོད་པ་སྟེ། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་མཐོ་རིམ་འགོ་ཁྲིད་བྷལ་ཀི་རི་ཤི་ན་ཁཱན་ཌི་ཞེས་པ་ཞིག་གིས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རྒྱལ་ཁབ་གཞན་ལ་མཛའ་འབྲེལ་འཛུགས་ཆོག ཡིན་ནའང་ཕ་རོལ་པོའི་ཆབ་སྲིད་ལམ་ལུགས་དང་ལྟ་གྲུབ་རྣམས་རང་སྟེང་ལ་བཙན་འགེལ་བྱེད་ཀྱི་ཡོད་པ་ཉེན་ཀ་ཞིག་དང་བལ་ཡུལ་གྱི་བདག་དབང་ལ་རྡོག་རོལ་བཏང་བ་ཞིག་རེད་ཅེས་བཤད།

རྒྱ་ནག་དམར་ཚོགས་པའི་ལས་དོན་རུ་ཁག་དེས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཞིས་ཅིན་ཕིང་གི་དགོངས་པ་སློབ་ཁྲིད་བྱེད་ཀྱི་ཡོད་པར་བལ་ཡུལ་གྱི་སྲིད་དོན་ཉམས་ཞིབ་པ་ཕལ་མོ་ཆེས་དགག་པ་བརྒྱབ། རྒྱ་ནག་གི་སྤྱི་ཚོགས་སུ་ཞིས་ཅིན་ཕིང་གོང་མ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁ་གཡང་བསྒྲགས་ནས་མ་རྩ་རིང་ལུགས་དམ་འཛིན་བྱེད་བཞིན་ཡོད། ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་ཀྱི་ཁ་བཀག་ནས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་དུ་འཇུག་གི་མི་འདུག་ཅེས་བལ་ཡུལ་གྱི་སྲིད་དོན་དཔྱད་ཞིབ་པ་སང་རོའུ་ལཱ་ཞེས་པ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་འགོ་ཁྲིད་ཚོས་རྒྱ་ནག་གི་ལས་དོན་རུ་ཁག་དེས་ཉི་མ་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་རིང་ལ་བདེ་ལྡན་སྤྱི་ཚོགས་ཤིག་ལེགས་སྐྲུན་བྱེད་ཐབས་དང་ཕྱོགས་ཡོངས་ལ་དམར་ཤོག་པའི་སྒྲིག་ཁྲིམས་ལག་བསྟར་ཞེས་པ་སོགས་བརྗོད་བྱ་སྣ་མང་ཞིག་ལ་སྦྱོང་བརྡར་དང་སློབ་ཁྲིད་བྱེད་ཀྱི་ཡོད། ད་དུང་དེའི་ཞོར་ལ་བལ་ཡུལ་དང་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཚུད་པའི་ཕྱོགས་གཉིས་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་ཅེས་བཤད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་མཇུག་དེར་རྒྱ་ནག་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀས་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ནས་རྒྱུན་དུ་བསམ་བློ་བརྗེ་རེས་དང་ཉམས་མྱོང་སློབ་རེས། རྒྱ་ནག་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀྱི་མཛའ་འབྲེལ་སྲ་བརྟན་གཏོང་རྒྱུའི་གྲོས་མཐུན་ཞིག་འཇོག་འཆར་ཡོད་པ་རེད།

ཕྱི་ཟླ་༩་ཚེས་༢༤་དང་༢༥་གཉིས་ལ་འཚོགས་ཀྱི་ཡོད་པའི་བལ་ཡུལ་དང་རྒྱ་ནག་གི་མཛའ་འབྲེལ་བགྲོ་གླེང་དེར་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་གནད་ཡོད་འགོ་ཁྲིད་ཁག་དང་ཚོགས་མི་བཅས་མི་༢༠༠་ལྷག་མཉམ་ཞུགས་བྱས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་ང་ཚོས་བལ་ཡུལ་གྱི་འགོ་ཁྲིད་ཚོར་རྒྱ་ནག་གི་ལྟ་གྲུབ་སློབ་ཀྱི་མེད། འདི་ནི་རྒྱ་ནག་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་བ་ཞིག་ཡིན། དེའི་རྗེས་སུ་རྒྱ་ནག་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་མཉམ་འབྲེལ་བྱས་པ་མཚོན་ཐུབ། བལ་ཡུལ་དང་རྒྱ་ནག་གི་དམར་ཤོག་ཚོགས་པ་གཉིས་ཀས་ཕན་ཚུན་གྱི་ལྟ་གྲུབ་སློབ་སྦྱོང་དང་ལེགས་ཆ་ལེན་རེས་བྱ་འཆར་ཡོད་ཅེས་བཀྲལ། བལ་ཡུལ་གྱི་སྲིད་དོན་ཉམས་ཞིབ་འགའ་ཞིག་གིས་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པས་བསྐོ་བཞག་བྱས་པའི་འགོ་ཁྲིད་ཅིག་ཡིན་རུང་མར་ཁེ་སི་དང་ཕེ་ལེ་ཊོ། ཨ་རི་སི་ཊོ་ཊལ་ལྟ་བུའི་མཚན་ཉིད་རིག་པ་བ་དང་བསམ་བློ་བ་ཞིག་མ་རེད་ཅེས་དགག་པ་བརྒྱབ། སྲིད་དོན་པ་ཁག་ཅིག་གིས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་སྲིད་དོན་ཚོགས་པ་སྣ་མང་ཡོད་པའི་དམངས་གཙོའི་ཕྱོགས་སུ་བསྐྱོད་འདོད་ཡོད་པའི་འདུན་པ་བསྟན་མོད། འོན་ཀྱང་ད་ལྟ་བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་རྒྱ་ནག་གི་དམར་ཤོག་ལྟ་གྲུབ་བསུ་ལེན་བྱེད་ཀྱི་འདུག བལ་ཡུལ་མི་དམངས་ལ་དམར་ཤོག་གིས་བག་ཆགས་བཟང་པོ་ཞིག་བཞག་མེད། དམར་ཤོག་ནི་ཡིད་རྟོན་རུང་བའི་ལམ་ལུགས་མིན། བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་མི་དམངས་རྣམས་མགོ་འཐོམ་དུ་འཇུག་གི་ཡོད་པ་གཅིག་པུ་མིན། ཁོ་ཚོས་རང་གི་ལངས་ཕྱོགས་དང་ལྟ་གྲུབ་ལའང་རྒྱབ་འགལ་བྱས་སོང་ཞེས་བརྗོད་བྱས་འདུག

XS
SM
MD
LG