ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སར་ཡོང་མཁན་མདོ་ཁམས་པ་ཚོའི་ཐོབ་ཐང་དཔང་ཡིག་ལ་ཞིབ་བཤེར།


༄༅།། རྒྱ་ནག་གཞུང་གིས་བོད་ཀྱི་མདོ་ཁམས་ཕྱོགས་ནས་རྒྱལ་ས་ལྷ་སར་ཡོང་མཁན་བོད་པ་ཚོར་དམ་དྲག་བྱས་ཏེ་ཐོབ་ཐང་དཔང་ཡིག་ལ་ཞིབ་བཤེར། གལ་སྲིད་ཐོབ་ཐང་དཔག་ཡིག་ཐོག་ཏུ་རྒྱ་ཡིག་བྲིས་ཡོད་ན་ཅུང་ཙམ་གུ་ཡངས་ཡོད་ཀྱང་ཐོབ་ཐང་དཔང་ཡིག་ཐོག་ཏུ་བོད་ཡིག་བྲིས་ཡོད་པ་ཚོར་དམིགས་བསལ་གྱི་དོགས་ཟོན་དང་རྟོག་ཞིབ། ཁོ་ཚོ་ལྷ་སར་ཡོང་དོན་ཅི་ཡིན་དང་དུས་ཡུན་ཅི་ཙམ་རིང་ལ་འདུག་རྒྱུ་ཡིན་མིན། མདོ་ཁམས་པ་ཚོས་ལྷ་སར་བཅའ་སྡོད་རང་གི་འབྲེལ་ཡོད་ཞིང་ཆེན་ཁག་གི་དོན་གཅོད་ཁག་ནས་ཡིག་ཆ་ལེན་དགོས་པ་སོགས་ཀྱི་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཕྱི་ཟླ་༩་པའི་ཚེས་༢༢་ཉིན་མཚོ་སྔོན་ཞིང་ཆེན། མཚོ་ཤར་ཁུལ་གྱི་བོད་པ་གཞོན་སྐྱེས་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་བཤད་པ་ལྟར་ན། ཁོ་པ་ལྷ་སར་སླེབས་ནས་ལོ་གཅིག་ལྷག་ཕྱིན་ཡོད་པ་དང་ཐོག་མར་ལྷ་སར་འབྱོར་མ་ཐག་ཏུ་ཡི་གེ་མང་པོ་ཞིག་བྲིས་ཏེ་མཛུབ་ཐེལ་རྒྱག་ཏུ་བཅུག་སོང་། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ཟས་རིགས་གཡོ་སྦྱོར་ཁང་ཞིག་ཏུ་སྲི་ཞུ་བསྒྲུབས་ནས་བསྡད་ཡོད། རྒྱ་གཞུང་གི་ལས་སྣེ་ཚོས་ཐེངས་གཅིག་ལའང་འདྲི་ཞིབ་བྱས་མ་སོང་། འདི་ནི་ངའི་སྦྱི་དམངས་ཐོབ་ཐང་དབང་ཡིག་སྟེང་དུ་རྒྱ་ཡིག་བྲིས་ཡོད་པས་རེད། དེང་སྐབས་བོད་པ་ཡིན་རུང་སྦྱི་དམངས་ཐོབ་ཐང་དབང་སྟེང་དུ་རྒྱ་ཡིག་བྲིས་ཡོད་ན་དམ་དྲག་ཆེན་པོ་བྱེད་ཀྱི་མི་འདུག སྐྱེས་ཡུལ་མདོ་སྟོད་སྨད་ནས་ཡིན་པའི་བོད་པ་ཚོའི་ཐོབ་ཐང་དབང་ཡིག་སྟེང་དུ་བོད་ཡིག་བྲིས་ཡོད་ཚེ། ཁོ་ཚོ་ལྷ་སར་དུས་ཡུན་རིང་པོར་འཇོག་གི་མེད་པ་དང་འདྲི་གཅོད་བྱེད་པ། ད་དུང་འབྲེལ་ཡོད་ཞིང་ཆེན་གྱི་དོན་གཅོད་ལས་ཁང་ཁག་གི་ཡི་གེ་ལེན་དགོས་པར་མ་ཟད། དུས་བཅད་ལྟར་ལྷ་སར་ཁ་བྲལ་ནས་ས་གནས་གཞན་ལ་བསྐྱོད་དགོས་ཀྱི་འདུག ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་དང་མགྲོན་ཁང་། ལུས་བཀྲུ་ཁང་དང་ལུས་རྩལ་ཁང་བཅས་སུ་རྒྱ་གཞུང་གི་ཉེན་རྟོག་པས་རྟོག་ཞིབ་བྱས་ནས་མདོ་ཁམས་པ་ཚོར་ལྟ་རྟོག་དམ་པོ་བྱེད་ཀྱི་འདུག་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ལྷ་སའི་རྒྱ་གཞུང་གི་ཉེན་རྟོག་པའི་ལས་འགན་གཙོ་བོ་ཞིག་ནི་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ལ་དབྱེ་བགོ་བྱེད་ཡོད་པའི་བོད་ས་ཁག་གི་བོད་པ་ཚོས་ལྷ་སར་ཅི་ཞིག་སྒྲུབ་ཀྱི་ཡོད་མེད། ཁོ་ཚོ་ལྷ་སར་སླེབས་ནས་དུས་ཡུན་ཅི་ཙམ་ཕྱིན་ཡོད་མེད་དང་དུས་ཡུན་ཅི་ཙམ་ལ་འདུག་རྒྱུ་ཡིན་མིན་སོགས་འདྲི་ཞིབ་ནན་མོ་བྱས་ནས་ཡུན་རིང་འཇོག་གི་མི་འདུག དཔེར་ན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་བོད་པ་ཁག་ཅིག་ལྷ་སར་ཡོང་ནས་ཞོར་ལས་གཉེར་གྱི་ཡོད་ཀྱང་མཚོ་སྔོན་དོན་གཅོད་ཁང་གིས་སྤྲད་པའི་ཡིག་ཆ་ལྟར་བསྡད་འདུག ད་ལྟ་ལྷ་སར་ཏོག་དབྱིབས་རིམས་ནད་འཇོམས་ནས་ཟ་ཁང་དང་མགྲོན་ཁང་། ཚོང་ར་ཡོངས་སུ་སྒོ་ཕྱེ་སྟེ་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱུང་འདུག མདོ་ཁམས་ཕྱོགས་ཀྱི་གནས་སྐོར་བ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་སྒེར་སྤྱོད་རླངས་འཁོར་བཏང་ནས་ཡོང་མཁན་ནམ། ཡང་ན་འཕྲུལ་རྟ་དང་ལྕགས་རྟ་བཞོན་ནས་ཡོང་མཁན། རྐང་ཐང་ལ་ཡོང་མཁན་བཅས་ཡུལ་སྐོར་བ་དང་གནས་མཇལ་བ་ཧ་ཅང་མང་པོ་འདུག་ཅེས་བཤད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG