ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་བསྐྱར་དུ་བོད་མི་ཞིག་གིས་རྒྱ་གཞུང་ལ་རང་སྲེག་ངོ་རྒོལ་བྱས་འདུག


དེ་ཡང་སྤྱི་ལོ་༢༠༡༣ ཟླ་༣ ཚེས་༡༦ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༢དང་སྐར་མ་༤༠ ཙམ་ལ་རང་ལོ་༢༨ལ་སོན་པའི་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀན་ཡུལ་ཚོའི་ཕྱུགས་ལས་གོང་མའི་རུ་ཆེན་གཉིས་པའི་རོགས་ཕྲུག་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ཞུ་བ་ཞིག་གིས་རྒྱ་གཞུང་ནས་བོད་ཐོག་འཛིན་པའི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་བ་ཞིག་ཡིན་ཞིང་། རྔ་པ་ཀིརྟི་དགོན་གྱི་གླིང་གི་ནུབ་ངོས་སུ་ཁོང་གི་བཞུགས་ཤག་ཡོད་སའི་སྒོ་ནས་ལུས་ལ་ས་སྣུམ་མང་བོ་བྱུགས་པ་དང་ལག་ཏུ་ཆོས་དར་བཟུང་ནས་རང་སྲེག་ངོ་རྒོལ་གནང་སྟེ་དགོན་པའི་ནུབ་སྒོའི་ཕྱོགས་སུ་རྒྱུགས་ཡོད་པ་དང་། སྒོ་ཆེན་འགྲམ་དུ་མ་སླེབས་ཙམ་ལ་སར་འགྱེལ་འདུག སྐབས་དེར་དགེ་འདུན་དང་མང་ཚོགས་མང་པོ་འབྱོར་ནས་ཁོང་རྔ་པ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ཡོད་ན་ཡང་དུས་ཡུན་རིང་པོ་མ་སོང་བར་འདས་གྲོངས་སུ་སོང་འདུག ཁོང་གིས་རང་སྲེག་ངོ་རྒོལ་གནང་སྐབས་སྐད་འབོད་གང་གནང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག ཡང་སྨན་ཁང་དུ་འབྱོར་སྐབས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཕྲོག་གིས་འབར་ཁམས་སུ་དབོར་འདུག

རང་སྲེག་ངོ་རྒོལ་གནག་མཁན་དགེ་འདུན་པ་བློ་བཟང་ཐོགས་མེད་ལགས་ཀྱི་ཕ་མིང་ལ་རོགས་ཕྲུག་དང་། མ་མིང་ལ་དེ་པོ་ཟེར་ཞིང་། ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་སྒར་ཞུགས་གནང་སྟེ་ད་ལྟ་ཕར་ཕྱིན་འཛིན་གྲྭར་སླེབས་ཡོད་པ་དང་དུས་རྒྱུན་ཀུན་སྤྱོད་ལེགས་ཤིང་སློབ་གཉེར་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད་འདུག ཁོང་ལ་ཕ་མ་གཅིག་པའི་སྲིང་མོ་གཅིག་དང་སྤུན་གསུམ་བཅས་ཁྱོན་ནང་མི་དྲུག་ཡོད་འདུག

ཤེས་རྟོགས་བྱུང་བར། ཁོང་གི་ཕུང་པོ་རྒྱ་ནག་གཞུང་གིས་ནང་མིར་རྩིས་སྤྲོད་བྱས་ཡོད་མེད་ད་ལྟའི་འཆར་གསལ་པོ་མེད་ན་ཡང་ཁུལ་དེར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་འདུག ད་རེས་ཀྱི་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་འདི་ནི་སྤྱི་ལོ་༢༠༠༨ལོའི་ཟླ་༣ཚེས་༡༦ཉིན་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེ་མོ་བྱུང་སྐབས་རྔ་པ་ནས་ཉིན་གཅིག་ལ་བོད་མི་ཧ་ཅང་མང་པོ་ཞིག་རྒྱ་ནག་གཞུང་གིས་མཚོན་ཆ་བེད་སྤྱོད་བྱས་ནས་དམར་གསོད་བཏང་སྟེ་མི་ལོ་ལྔ་ཧྲིལ་པོ་འཁོར་བའི་དམིགས་བསལ་དུས་དྲན་འཁེལ་ཡོད།
XS
SM
MD
LG