ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཐེ་ཝན་གྱི་ཆབ་སྲིད་གྲོས་མོལ་མངོན་དུ་འགྱུར་དཀའ།


རྒྱ་ནག་དང་ཐེ་ཝན་གྱི་ཆབ་སྲིད་གྲོས་མོལ་མངོན་དུ་འགྱུར་དཀའ།

ཟླ་བ་སྔོན་མར་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་གིས་ཡོངས་གྲགས་སུ་རྒྱ་ནག་ལ་ཆབ་སྲིད་ཀྱི་གྲོས་མོལ་བྱེད་རྒྱུ་དང་། གལ་ཏེ་ཐེ་ཝན་མི་དམངས་ལ་འདོད་པ་ཡོད་ཚེ། ཁོང་གིས་མ་འོང་པའི་ལོ་བཅུའི་ནང་ཚུད་དུ་མཚོ་འགག་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་དང་། དེར་བརྟེན་ཉེ་བའི་གཟའ་འཁོར་འགའ་ཞིག་གི་རིང་དེར་ཐེ་ཝན་གྱི་སྤྱི་ཚོགས་སུ་རྒྱ་ནག་ལ་ཆབ་སྲིད་ཀྱི་གྲོས་མོལ་བྱེད་པའི་དུས་ཚོད་ཡིན་མིན་དང་མཚོ་འགག་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་ཡིན་མིན་བཅས་ལ་རྩོད་པ་ཆེན་པོ་ཡོང་གི་ཡོད་ཀྱང་། གཟའ་ཕུར་བུའི་ཉིན་ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལྷན་ཁང་གི་བློན་ཆེན་ལེའེ་ཞིན་ཡོན་གྱིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཐེ་ཝན་དང་རྒྱ་ནག་གཉིས་ཀྱིས་ཞི་བའི་གྲོས་མཐུན་ཞིག་འཇོག་པའམ། ཡང་ན་མཚོ་འགག་ཕྱོགས་གཉིས་ཀྱིས་ཆབ་སྲིད་ཀྱི་གྲོས་མོལ་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། འདས་པའི་ལོ་ངོ་གསུམ་དང་ཕྱེད་ཀའི་རིང་དེར་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་བཏང་སྟེ། མཚོ་འགག་ཕྱོགས་གཉིས་ཀྱིས་ཚོང་ལས་དང་དཔལ་འབྱོར་གྱི་གྲོས་མཐུན་ཁག་༡༦་ལ་མིང་རྟགས་བཀོད་ཡོད། ཡིན་ནའང་ད་དུང་ཡང་མཚོ་འགག་ཕྱོགས་གཉིས་ཕར་ཚུར་ཡིད་ཆེས་མེད་པ་དང་། ཐེ་ཝན་མི་མང་གིས་ཀྱང་རྒྱ་ནག་ལ་ཞི་བའི་གྲོས་མོལ་བྱེད་རྒྱུ་དེར་མོས་མཐུན་མེད་པས། གོང་གི་རྒྱུ་རྐྱེན་གཉིས་ལ་བརྟེན་ནས་ཐེ་ཝན་དང་རྒྱ་ནག་གི་ཞི་བའི་གྲོས་མོལ་མངོན་དུ་འགྱུར་མི་ཐུབ་པར་སྙམ་ཞེས་བཤད་ཡོད་པ་རེད།

XS
SM
MD
LG