ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་ལ་འབྲི་ཆུའི་འབབ་རྒྱུད་དུ་ཆུ་ལོག་གི་གནོད་འཚེ་ཐེབས་བཞིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་ཨ་རིའི་ནིའུ་ཡོག་དུས་བབ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། རྒྱ་ནག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ནས་མི་གྲངས་༡༠༦་ལྷག་འདས་གྲོངས་སུ་གྱུར་པའམ། ཡང་ན་གར་སོང་ཆ་མེད་དུ་གྱུར་ཏེ་ཡུལ་མིའི་སྡོད་ཁང་མང་པོ་ཆུས་ཁུར་བ་སོགས་མི་གྲངས་བྱེ་བ་༡་དང་ས་ཡ་༥་ཡས་མས་ཤིག་གི་འཚོ་བར་ཆུ་ལོག་གིས་གནོད་འཚེ་དང་ཤུགས་རྐྱེན་ཐེབས་འདུག འདི་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཞིག་རེད་ཅེས་ངོས་འཛིན་བྱས་འདུག

རྒྱ་ནག་གི་ལྷོ་རྒྱུད་ས་ཁུལ་དུ་ལོའི་འདིའི་སྤྱི་ཟླ་༦་པའི་ཚེས་གཉིས་ནས་བཟུང་སྟེ་དྲག་ཆར་བབས། ད་ལྟའི་བར་དུ་གྲོང་ཁྱེར་དང་ས་གནས་མང་པོ་ཞིག་ལ་ཆུ་ལོག་གི་གནོད་འཚེ་བསྟུད་མར་བྱུང་། ཁྱད་པར་དུ་འབྲི་ཆུའི་སྟོད་རྒྱུད་དུ་དྲག་ཆར་བབས་པས་འབྲི་ཆུའི་ཆུ་ལག་མང་པོ་ཞིག་གི་བྲུག་སྟེ་ཟླ་སྔོན་མའི་ཚེས་༢༩་ཉིན་ཐེངས་དང་པོར་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ནང་གི་བཀག་ཆུ་རྣམས་གློད་གཏོང་བྱ་དགོས་བྱུང་འདུག་ཅེས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན། ཁ་སང་རྒྱ་ནག་ཆུ་དོན་ལྷན་ཚོགས་ཀྱིས་འབྲི་ཆུའི་ཆུ་བོ་མུ་མཐུད་དུ་རྒྱས་བཞིན་ཡོད་པ་དང་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ནང་དུ་ཆུ་རྒྱས་པའི་ཚད་དེ་སྐར་ཆ་རེ་རེར་སྨི་གྲུ་བཞི་ལྷམ་པ་༥༣༠༠༠་ལྷག་ཡིན་པའི་གནས་ཚུལ་སྤེལ་འདུག

འབྲི་ཆུའི་འགག་གསུམ་སྟོད་ཀྱི་ཁྲུང་ཆིན་གྲོང་ཁྱེར་དང་སྨད་ཀྱི་ཝུ་ཧན་གྲོང་ཁྱེར་བཅས་ལ་མཚོན་ན་ཧ་ཅང་ཉེན་ཁ་ཆེ་བའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་ཅིང་། རྒྱ་ནག་གི་འབྲི་ཆུའི་ཆུ་དོན་ལྷན་ཚོགས་ཀྱིས་ཁ་སང་རྒྱ་ནག་གི་ཧུའུ་པེ་དང་ཧུའུ་ནན། ཁྲུང་ཆིན་བཅས་ཆུ་བོའི་འབབ་རྒྱུད་དུ་ཡོད་པའི་ས་ཁུལ་ཁག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ངེས་ཡིན་པས་དོགས་ཟོན་ནན་མོ་བྱ་དགོས་ཞེས་ཉེན་བརྡ་བཏང་འདུག ཉེ་བའི་ཉིན་འདི་གའི་རིང་ལ་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དུ་ཆུ་རྒྱས་པའི་ཚད་དེ་སྐབས་སྐབས་སུ་ཉིན་རེར་ལྡབ་གཅིག་རེ་འཕར། འགག་གསུམ་གནས་ཡུལ་གྱི་ཧུའུ་པེ་ཞིང་ཆེན་ལ་ཟླ་སྔོན་མའི་ཚེས་༢༧་ནས་བདུན་པའི་ཚེས་༡་བར་དུ་ཉིན་གསུམ་ལ་དྲག་ཆར་བསྟུད་མར་བབས་ནས་ཞིང་ཆེན་དེའི་ཁོངས་གཏོགས་གྲོང་ཁྱེར་༡༤་དང་རྫོང་ཁག་༦༣་གྱི་མི་གྲངས་ས་ཡ་གཅིག་དང་འབུམ་དགུ་ལྷག་ལ་གནོད་འཚེ་ཐེབས་ཡོད་པའི་གྲས་ནས་མི་གསུམ་འདས་གྲོངས་སུ་གྱུར། མི་༢༢༠༠༠་ལྷག་གནས་སྤོར་བྱ་དགོས་བྱུང་བ་དང་མི་མང་གི་ཁང་པ་༡༡༠༠༠་ཆུ་ལོག་གིས་བསྣུབས། རླངས་འཁོར་མང་པོ་ཆུས་ཁུར་བའི་གནས་ཚུལ་ཡང་ཐོན་འདུག

འབྲི་ཆུའི་སྨད་ཀྱི་ཝུ་ཧན་དང་སྟོད་ཀྱི་ཁྲུང་ཆིན་གྲོང་ཁྱེར་བཅས་སུ་ཁ་སང་མུ་མཐུད་དུ་དྲག་ཆར་གྱི་གནོད་པ་ཐེབས་ནས་སྡོད་ཁང་མང་པོར་གནོད་འཚེ་ཐེབས། ཁྲུང་ཆིན་དུ་མི་༢༠༠༠་ལྷག་ཛ་དྲག་གིས་གནས་སྤོར་བྱ་དགོས་བྱུང་བ་དང་མི་གཅིག་འདས་གྲོངས་སུ་ཕྱིན་པ་བཅས་ཀྱི་གནས་ཚུལ་རྣམས་ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གིས་བསྒྲགས། ཡང་ཝི་ཁི་ཕི་ཌི་ཡ་དྲྭ་ངོས་སུ་ཐེངས་འདིའི་རྒྱ་ནག་ལྷོ་ཕྱོགས་ལ་ཆུ་ལོག་གི་གནོད་འཚེ་ཐེབས་པའི་གནས་ཚུལ་ཕྱོགས་བསྡོམས་བྱས་པ་ལྟར་ན། ཐེངས་འདིར་ཆུ་ལོག་གི་རྐྱེན་པས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ནང་གི་བཀག་ཆུ་རྣམས་་གློད་གཏོང་བྱ་རྒྱུ་དེར་འབྲི་ཆུའི་སྨད་རྒྱུད་ཀྱི་མི་དམངས་ལ་སྔ་མོ་ནས་ཉེན་བརྡ་མ་བཏང་བས་མི་དམངས་ཀྱིས་གཞུང་གི་བྱེད་སྟངས་དེར་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན།།

སྤྱི་ཟླ་༦་པའི་ཚེས་༢༨་ཀྱི་ཉིན་འབྲི་ཆུའི་ཆུ་དོན་ལྷན་ཚོགས་ཀྱིས་ཉིན་དེའི་དགོང་དྲོ་ནས་ཆུ་མཛོད་ནང་གི་བཀག་ཆུ་གློད་གཏོང་བྱ་རྒྱུའི་གནས་ཚུལ་སྤེལ་རུང་རྒྱ་ནག་གཞུང་གི་གསར་ཁང་དེ་ཚོས་སྤྱི་ཚེས་ཉེར་དགུའི་ཉིན་གཞི་ནས་ཉིན་དེ་རང་ལ་བཀག་ཆུ་གློད་གཏོང་བྱས་པའི་གསར་འགྱུར་སྤེལ་འདུག དེའི་སྔོན་གྱི་སྤྱི་ཟླ་༦་པའི་ཚེས་༢༧་ཉིན་འབྲི་ཆུའི་ཆུ་མཛོད་དང་ཐག་ཉེ་ཤོས་ཀྱི་སྨད་ཕྱོགས་གྲོང་ཁྱེར་དབྱི་ཁྲང་དུ་ཆུ་ལོག་གི་གནོད་པ་ཚབས་ཆེན་ཐེབས། ས་གནས་མི་དམངས་ཀྱིས་དེ་ནི་གཞུང་གིས་བརྡ་ཁྱབ་མ་བཏང་བར་སྔ་མོ་ནས་འབྲི་ཆུའི་ཆུ་མཛོད་ཀྱི་བཀག་ཆུ་གློད་གཏོང་བྱས་པ་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་བཞིན་འདུག

རྒྱ་གཞུང་གིས་རིམས་ནད་ཀྱི་རྗེས་སུ་ཆུ་ཤུགས་གིས་གློག་འདོན་རྒྱུའི་ལས་སྒོ་ཁག་སླར་གསོ་བྱས་པར་ཁ་གཡར་ནས་ཆུ་མཛོད་ཀྱི་བཀག་ཆུ་རྣམས་སྤྱི་ཟླ་༦་པའི་ཚེས་༢༣་ནས་གློད་གཏོང་བྱེད་འགོ་ཚུགས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ད་ལྟ་འབྲི་ཆུའི་སྟོད་རྒྱུད་དུ་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་ཟླ་འདིར་མུ་མཐུད་ནས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ནང་གི་བཀག་ཆུ་རྣམས་གློད་གཏོང་བྱ་དགོས་ཐུག་རྒྱུ་ཡིན་པས་ཆུ་བོའི་སྨད་རྒྱུད་དུ་འཚོ་གནས་བྱེད་བཞིན་པའི་རྒྱ་ནག་མི་དམངས་ལ་གནོན་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པ་རེད།།

XS
SM
MD
LG