ངོ་འཕྲད་བདེ་བའི་དྲ་འབྲེལ།

རོ་བྷར་ཊི་མུ་གྷ་བྷེ་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཛིམ་བྷབ་ཝེའི་སྲིད་འཛིན་ཟུར་པ་རོ་བྷར་ཊི་མུ་གྷ་བྷེ་ལོ་ན་༩༥་ཐོག་ཏུ་འདས་གྲོངས་སུ་གྱུར། ཁོ་པའི་རྒྱབ་སྐྱོར་པ་ཚོས་རོ་བྷར་ཊི་མུ་གྷ་བྷེ་ནི་རྒྱལ་ཁབ་དེའི་རང་བཙན་གྱི་དབུ་ཁྲིད་ཅིག་དང་མི་རིགས་དཀར་པོའི་དབང་སྒྱུར་ལམ་ལུགས་མཇུག་སྒྲིལ་པ། ཛིམ་བྷབ་ཝེའི་ས་ཞིང་བདག་དབང་ལ་སྒྱུར་བཅོས་བཏང་ནས་དབྱིན་ཇིའི་མི་རིགས་དཀར་པོ་ཉུང་ཤས་ཀྱིས་ཛིན་བྷབ་ཝེའི་ས་ཞིང་གཤིན་པོ་རྣམས་བདག་འཛིན་བྱས་ཡོད་པ་གཞུང་བཞེས་ཀྱིས་མི་རིགས་ནག་པོ་ས་ཡ་མང་པོར་ས་ཞིང་བགོ་འགྲེམ་བྱེད་མཁན་རླབས་ཆེན་གྱི་དབུ་ཁྲིད་ཅིག་ལ་བརྩིས་འདུག ཡིན་ནའང་རོ་བྷར་མུ་གྷ་བྷེས་ལོ་༣༧་ལ་སྲིད་དབང་བཟུང་བའི་རིང་དུ་ཛིམ་བྷབ་ཝེར་ལྐོག་ཟ་རུལ་སུངས་དར་ཁྱབ་དང་ཁྲིམས་མེད་ལུགས་མེད། མི་དམངས་དང་སྲིད་དོན་ཚོགས་པ་ཁག་གི་བར་དུ་འགལ་ཟླ་ཚབས་ཆེན་བསླངས་ནས་རྒྱལ་ཁབ་ཁ་འཐོར་དུ་འགྲོ་བའམ། ཡང་ན་སྔོན་ཆད་དབྱིན་ཇིའི་དབང་སྒྱུར་དུས་སུ་ཛིན་བྷབ་ཝེ་ཨ་ཧྥི་རི་ཀའི་ཞིང་ལས་ཐོན་སྐྱེད་ཀྱི་འབྱུང་གནས་ཡིན་ཞེས་གྲགས་ཀྱང་༢༠༡༧་ལོར་ཛིན་བྷབ་ཝེའི་དམག་གིས་སྲིད་འཛིན་མུ་གྷ་བྷེ་གནས་དབྱུང་བཏང་བའི་སྐབས་སུ་རྒྱལ་ཁབ་དེའི་དཔལ་འབྱོར་དང་ཐོན་སྐྱེད་ཉམས་རྒུད། མི་དམངས་ཀྱིས་རང་ཁ་རང་གསོ་མི་ཐུབ་པའི་མཚམས་སུ་ལྷུང་། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་རོ་བྷར་ཊི་མུ་གྷ་བྷེ་ཟེར་དུས་ཟུར་ཟའི་མི་རི་མོ་འབྲི་ཡུལ་དང་ཨ་ཧྥི་རི་ཀའི་སྲིད་དབང་སྒེར་གཅོད། གདུག་རྩུབ་བཅས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་འདུག

ད་ལོའི་མགོ་སྟོད་དེར་ཛིམ་བྷབ་ཝེའི་སྲིད་འཛིན་ཟུར་པ་མུ་གྷ་བྷེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་གྱི་སྨན་ཁང་ཞིག་ཏུ་ཟླ་བ་འགའ་ཞིག་ལ་བསྡད་ནས་སྨན་བཅོས་བྱས་པས་ཛིན་བྷབ་ཝེ་དང་རྒྱལ་སྤྱིའི་ཐོག་ཏུ་རོ་བྷར་ཊི་མུ་གྷ་བྷེའི་ལུས་ཁམས་བདེ་ཐང་ཡིན་མིན་ལ་དཀྲོག་གཏམ་སྣ་ཚོགས་ཤིག་སྒྲོགས། ཛིམ་བྷབ་ཝེའི་གཞུང་གིས་སྲིད་འཛིན་ཟུར་པ་མུ་གྷ་བྷེའི་བདེ་ཐང་ཡིན་མིན་དང་སྨན་བཅོས་ཅི་ཞིག་བྱེད་ཀྱི་ཡོད་མེད་རྣམས་གསང་བ་བྱས་ནས་ཕྱི་ལ་བསྒྲགས་མེད་ཅིང་། དེ་རིང་ཕྱི་ཟླ་༩་ཚེས་༦་ཉིན་ཛིན་བྷབ་ཝེ་སྲིད་འཛིན་མུ་ནང་གྷ་ཝས་ངས་སྐྱོ་གདུང་ཚད་མེད་ཀྱི་སྒོ་ནས་ང་ཚོའི་རྒྱལ་ཁབ་འདི་གསར་འཛུགས་ཀྱི་དབུ་ཁྲིད་དང་སྲིད་འཛིན་ཟུར་པ་རོ་བྷར་ཊི་མུ་གྷ་བྷེ་འདས་གྲོངས་སུ་གྱུར་སོང་ཞེས་ཁྱབ་བསྒྲགས་བྱ་དགོས་བྱུང་སོང་། རོ་བྷར་ཊི་མུ་གྷ་བྷེ་ནི་ཨ་ཧྥི་རི་ཀ་བཅིངས་འགྲོལ་གྱི་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོ་མི་དམངས་བཅིངས་འགྲོལ་དང་མི་དམངས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ཆེད་དུ་བསྔོས་ཡོད། ཁོང་གི་ང་ཚོའི་རྒྱལ་ཁབ་འདི་དང་ཨ་ཧྥི་རི་ཀའི་གླིང་ལ་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད་པ་རྣམས་ནམ་ཡང་བརྗེད་མི་སྲིད། དམ་པ་དེ་ཞི་བའི་དབྱིངས་སུ་གཟིམ་པར་འཚལ་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག ཛིབ་བྷ་ཝེ་དང་ཨ་ཧྥི་རི་ཀ་ཡོངས་སུ་སྲིད་འཛིན་ཟུར་པ་མུ་གྷ་བྷེ་འདས་གྲོངས་སུ་གྱུར་པར་མྱ་ངན་བྱེད་མཁན་དང་དགའ་མོས་བྱེད་མཁན་གཉིས་ཀ་བྱུང་འདུག

སྔོན་ཆད་རོ་བྷར་ཊི་མུ་གྷ་བྷེས་ང་ནི་དཀོན་མཆོག་གིས་མ་གཏོགས་སུ་གཅིག་གིས་ཀྱང་གནས་དབྱུང་གཏོང་མི་ཐུབ་ཅེས་སྤོབས་ཉམས་ཀྱི་སྒོ་ནས་བཤད་མྱོང་ཡོད་མོད། འོན་ཀྱང་༢༠༡༧་ལོར་རོ་བྷར་ཊི་མུ་གྷ་བྷེས་རང་གི་ལོ་ན་གཞོན་པའི་ཆུང་མ་གྷེ་རེ་སི་ལ་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་འཆར་འགོད་བྱས་པས་ཛ་ནུ་སྲིད་དོན་ཚོགས་པའི་འགོ་ཁྲིད་གཞན་ཚོར་རང་གི་ཤུགས་རྐྱེན་ཉམས་རྒྱུའི་འཇིགས་སྣང་བྱུང་སྟེ་དམག་བཏང་ནས་སྲིད་འཛིན་མུ་གྷ་བྷེའི་སྲིད་དབང་མགོ་རྟིང་སློག སྲིད་འཛིན་གཞོན་པ་མུ་ན་གྷ་ཝ་སྲིད་འཛིན་ལ་བསྐོ་བཞག་བྱས་ནས་སྲིད་འཛིན་མུ་གྷ་བྷེ་དང་ཆུང་མ་གྷེ་རེ་སི་གཉིས་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་སྟེ་རྒྱལ་ས་ཧ་ར་རི་གྲོང་ཁྱེར་དུ་དམག་བཀྲམ། དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ཛིན་བྷབ་ཝེའི་གཞུང་གིས་སྲིད་འཛིན་མུ་གྷ་བྷེ་དང་ཆུང་མ་གྷེ་རེ་སི་གཉིས་ལ་ཁྲིམས་འགལ་དང་ལྐོག་ཟ་སོགས་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱ་རྒྱུ་མིན། ཁོ་ཚོའི་ས་ཁང་དང་རྒྱུ་དངོས་ཡོད་པ་རྣམས་ཉར་འཛིན་བྱེད་ཆོག སྲིད་འཛིན་མུ་གྷ་བྷེས་རང་གི་རྒྱབ་སྐྱོར་པ་ཚོར་ངན་སྐུལ་བྱས་ནས་ཛིབ་བྷབ་ཝེར་ཟིང་འཁྲུག་སློང་མི་ཆོག ཆུང་མ་གྷེ་རེ་སི་ལ་ཛིབ་བྷབ་ཝེའི་སྲིད་གཞུང་དང་ཛ་ནུ་སྲིད་དོན་ཚོགས་པའི་ཁོངས་སུ་གོ་གནས་ཅི་ཡང་སྤྲོད་རྒྱུ་མིན་པའི་གྲོས་མཐུན་བཞག་ནས་སྲིད་འཛིན་མུ་གྷ་བྷེས་རང་གི་ལས་གནས་ནས་གནང་བ་ཞུས་འདུག


རོ་བྷར་ཊི་མུ་གྷ་བྷེ་ནི་༡༩༢༤་ལོའི་ཕྱི་ཟླ་༢་ཚེས་༢༡་ལྷོ་རོ་ཌེ་ཤི་ཡར་སྐྱེས། ཁོ་པའི་ཨ་ཕ་ནི་ཤིང་བཟོ་ཞིག་དང་ཨ་མ་ནི་དགེ་རྒན་ཞིག་ཡིན། གཞི་རིམ་སློབ་གྲྭ་ཐོན་པའི་རྗེས་སུ་རོ་བྷར་ཊི་མུ་གྷ་བྷེ་དགེ་ཐོན་སློབ་གྲྭ་འགྲིམས། དེ་ནས་ལྷོ་ཨ་ཧྥི་རི་ཀའི་ཧྥོར་ཊི་ཧེར་སློབ་ཆེན་འགྲིམས་ནས་ལོ་རྒྱུས་དང་དབྱིན་ཇི་ཆེད་སྦྱོང་བྱས་འདུག ༡༩༦༠་ཐམ་པའི་ལོར་རོ་བྷར་ཊི་མུ་གྷ་བྷེས་རོ་ཌེ་ཤི་ཡར་ཕྱིར་ལོག་བྱས་ནས་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཨ་ཧྥི་རི་ཀ་དམངས་གཙོ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པའི་དྲིལ་བསྒྲགས་དྲུང་ཆེའི་གོ་གནས་བཟུང་བར་མ་ཟད། ཁོ་པ་ཡུན་རིང་མ་འགོར་པར་གོ་གནས་འཕར་བ་དང་དྲག་པོའི་འཐབ་ལམ་ལ་བརྟེན་ནས་མི་རིགས་དཀར་པོའི་དབང་སྒྱུར་ལ་འཐབ་རྒོལ་བྱ་དགོས་པའི་ལངས་ཕྱོགས་བཟུང་། རོ་བྷ་ཊི་མུ་གྷ་བྷེ་དང་རོགས་པ་ཁག་ཅིག་གིས་ཨ་ཧྥི་རི་ཀ་ཛིམ་བྷབ་ཝེ་རྒྱལ་ཡོངས་ཚོགས་པ་བཙུགས། ཡིན་ནའང་ཁོ་ཚོ་རང་ཡུལ་དུ་གནས་སྡོད་བྱེད་མ་ཐུབ་པར་ཁྱིམ་མཚེས་ཐན་ཛ་ཎི་ཡར་བྲོས་བྱོལ་དུ་སོང་། རོ་བྷར་ཊི་མུ་གྷ་བྷེ་དང་འཐབ་གྲོགས་ཚོས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ལ་དབྱིན་ཇིའི་མི་རིགས་དཀར་པོས་དབང་སྒྱུར་བྱེད་མི་ཆོག ཁོ་ཚོར་ཨ་ཧྥི་རི་ཀའི་ས་ཞིང་དང་ཐོན་ཁུངས་རྣམས་བདག་འཛིན་བྱེད་ཆོག་པའི་ཐོབ་ཐང་མེད། དབྱིན་ཇིའི་མི་རིགས་དཀར་པོ་ཨ་ཧྥི་རི་ཀ་ནས་མཐར་སྤྲོད་གཏོང་དགོས་པའི་ལངས་ཕྱོགས་མཁྲེགས་པོ་བཟུང་ནས་འཐབ་རྒོལ་བྱས་ཡོད་པ་རེད།

༡༩༦༣་ལོར་རོ་བྷར་ཊི་མུ་གྷ་བྷེ་རང་ཡུལ་ལ་ཕྱིར་ལོག་བྱས་པའི་རྗེས་སུ་དབྱིན་ཇིའི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་ལོ་༡༡་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ༡༩༧༤་ལོར་བཙོན་གྲོལ་ཐོབ་པའི་རྗེས་སུ་རོ་བྷར་ཊི་མུ་གྷ་བྷེས་ཛ་ནུ་ཚོགས་པའི་འཇམ་དམག་གི་འགོ་ཁྲིད་ནས་སྲིད་བློན་ཨི་ཡན་སི་མི་ཐེས་འགོ་ཁྲིད་པའི་མི་རིགས་དཀར་པོའི་སྲིད་གཞུང་ལ་གྱེན་ལོག་བྱ་རྒྱུ་འགོ་ཚུགས། ༡༩༧༩་ལོར་དམག་འཁྲུག་མཚམས་བཞག་པའི་རྗེས་སུ་རོ་བྷར་ཊི་མུ་གྷ་བྷེ་རྒྱལ་ཁབ་དེའི་དཔའ་བོ་ཞིག་ལ་གྱུར། ༡༩༨༠་ནས་༨༧་བར་དུ་རོ་བྷར་ཊི་མུ་གྷ་བྷེས་ཛིམ་བྷབ་ཝེའི་སྲིད་བློན་གྱི་གོ་གནས་བཟུང་། དེ་ནས་༢༠༡༧་བར་དུ་ཛིན་བྷབ་ཝེའི་སྲིད་འཛིན་གྱི་གོ་གནས་བཟུང་སྟེ་ལོ་༣༧་གྱི་རིང་དུ་མི་རིགས་ནག་པོ་གྲངས་མང་གི་དོན་དུ་སློབ་གྲྭ་དང་སྨན་ཁང་། ཁང་པ་དང་ཆུ་གློག་འཛུགས་སྐྲུན། མི་རིགས་དཀར་པོའི་ས་ཞིང་འཕྲོག་པ་རྣམས་མི་རིགས་ནག་པོ་ཚོར་བགོ་འགྲེམ་བྱས་ཡོད། ཡིན་ནའང་རིམ་བཞིན་རོ་བྷར་ཊི་མུ་གྷ་བྷེ་རྒྱལ་ཁབ་དེའི་མི་རིགས་ཀྱི་དཔའ་བོ་དང་རང་བཙན་འཐབ་རྩོད་ཀྱི་དབུ་ཁྲིད་ཅིག་ཡིན་པ་དེར་འགྱུར་བ་ཐེབས། ཁོ་པ་གདུག་རྩུབ་ཅན་དང་སྲིད་དབང་སྒེར་གཅོད་པ། རང་གི་སྲིད་དབང་སྲ་བརྟན་ཆེད་དུ་མི་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ། མེར་སྲེག་དང་ལོག་གཡེམ་སོགས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་རྒྱུ་དེར་ཡ་མི་ང་བ་དང་འཛེམ་ཟོན་མེད་པའི་མི་ཞིག་ལ་གྱུར། རོ་བྷར་ཊི་མུ་གྷ་བྷེའི་མི་ཚེའི་རིང་དེར་ཆབ་སྲིད་ཀྱི་ཁ་གཏད་པ་སྟོང་ཕྲག་མང་པོ་དམར་གསོད་བྱས་པའི་ལན་ཁག་ཕོག་ཡོད་པ་རེད།

XS
SM
MD
LG