ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་སྐད་ཡིག་སློབ་གསོ་བ་ཐུབ་བསྟན་དབང་པོ་སྐུ་ཚེ་མ་ཟིན་པ།


སློབ་གསོ་བ་ཐུབ་བསྟན་དབང་པོ།

༄༅།། བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན་བོད་ཀྱི་སྐད་ཡིག་སློབ་གསོ་བ་དང་རིག་གཞུང་གཅེས་འཛིན་པ་དགེན་ཐུབ་བསྟན་དབང་པོ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་ཅིང་། དམ་པ་དེ་སྐུ་ཚེ་ཧྲིལ་པོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙེས་འཛིན་གྱི་ལས་སུ་ཞུགས་ནས་མཐའ་འཁྱོལ་བ་དང་འདི་ལོ་དགུང་གྲངས་༨༩་ལ་ཕེབས་ཡོད་འདུག

དགེན་ཐུབ་བསྟན་དབང་པོས་ཕྱི་ལོ་༡༩༥༣་ནས་པེ་ཅིང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་མི་ལོ་བཅུ་ཕྲག་བཞི་ལྷག་ལ་བོད་ཡིག་སློབ་ཁྲིད་དང་ཞིབ་འཇུག་སོགས་ཀྱི་ཕྱག་ལས་གནང་སྟེ་བོད་པ་ཤེས་ཡོན་ཅན་གྱི་མི་རབས་འགའ་ཞིག་སྐྱེད་སྲིང་གི་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པར་མ་ཟད། དམ་པ་དེ་ཉིད་གཤིས་རྒྱུད་འཇམ་པོ་དང་སྣང་བ་སྐྱིད་པོ། དགོད་བྲོ་བོ་སོགས་ཡོད་པས་སློབ་ཕྲུག་དང་ལས་རོགས་ཚང་མས་དགའ་མོས་དང་ཡིད་ཆེས། མཐོང་འཇོག་བྱ་ཡུལ་གྱི་བོད་པའི་རིག་གནས་མཁས་པ་ཞིག་ཡིན་འདུག དགེན་ཐུབ་བསྟན་དབང་པོས་ཡུན་རིང་བོད་ཀྱི་གཞུང་ཡིག་རྙིང་པ་དང་སུམ་རྟགས། དེ་བཞིན་ས་སྐྱ་ལེགས་བཤད་སོགས་བོད་ཀྱི་གལ་ཆེའ་རྩོམ་རིག་ཁག་སློབ་ཁྲིད། བོད་ཀྱི་རྩོམ་རིག་དེ་དག་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ་ཆེད་རྩོམ་དང་རྩོམ་ཡིག སྒྱུར་དེབ་སོགས་མི་ཉུང་བ་ཞིག་དཔར་དུ་བསྐྲུན་ཡོད་པའི་ཁོངས་སུ་ལེགས་བཤད་ཆེད་བསྒྲིགས། བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་ཁ་སྐད་ཚིག་མཛོད། ཤེས་བྱའི་སྒོ་མོ་འབྱེད་མཁན། བོད་ཡིག་རྩོམ་རིག་ཤེས་བྱར་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན། ལྷ་སའི་ཁ་སྐད་ཀྱི་བརྗོད་པ་སོགས་ཡོད་པ་རེད།།

དགེན་ཐུབ་བསྟན་དབང་པོ་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུའང་ལྷ་སའི་རང་ཤག་ཏུ་སྔར་བཞིན་དང་བླངས་ཐོག་ཏུ་བོད་ཡིག་སློབ་ཁྲིད་གནང་ཡོད་པ་སྟེ། ཁོང་སློབ་ཕྲུག་གྲས་སུ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་སྙན་གྲགས་ཅན་གྱི་བོད་རིག་པའི་མཁས་པ་ཎི་ཁོ་ལ་ཐོར་ན་ཌེ་རི་སོགས་ཡོད་ཅིང་། ད་དུང་དགེ་འདུན་པ་དང་བོད་ཀྱི་རིག་གཞུང་ཉམས་ཞིབ་པ། ཆེད་ལས་ཞིབ་འཇུག་པ་དང་སྐབས་འགར་ཕྲུ་གུ་ཆུང་ཆུང་ཚོ་ལའང་བོད་ཡིག་བསླབས་ནས་བོད་ཡིག་སློབ་སྦྱོང་བྱེད་འདོད་ཡོད་ཚེ། མི་སུ་ཞིག་ཡིན་རུང་ངའི་གམ་དུ་སློབ་སྦྱོང་བྱེད་དུ་ཡོང་ན་སློབ་ཁྲིད་བྱེད་ཀྱི་ཡིན་ཞེས་གསུངས་མྱོང་ཡོད་འདུག དཔེར་ན་རྩོམ་པ་པོ་འོད་ཟེར་གྱིས་ཀྱང་དགེན་ཐུབ་དབང་དམ་པ་དེ་ཉིད་ཀྱི་དྲུང་དུ་བོད་ཡིག་སློབ་སྦྱོང་བྱས་མྱོང་ཡོད་པས་ཉིན་ཤས་སྔོན་དེར་དགེན་ཐུབ་དབང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་མ་ཐག་ཏུ་སྤྱི་ཚོགས་དྲྭ་ལམ་ཁག་ལ་རྗེས་དྲན་གྱི་རྩོམ་ཐུང་ཞིག་སྤེལ་ཡོད་པ་དེར་དགེན་ཐུབ་དབང་དམ་པ་དེ་ཉིད་ཀྱིས་ལོ་མང་རིང་རང་གི་དྲུང་དུ་བོད་ཡིག་སློབ་སྦྱོང་བྱེད་དུ་ཡོང་མཁན་ཚོའི་ལག་ནས་གླ་ཡོན་དངུལ་སྒོར་སྨར་རྡོག་གཅིག་མ་བཞེས་པར་བོད་ཀྱི་སྐད་ཡིག་དར་སྤེལ་དང་རིག་གནས་ཁྱབ་སྤེལ་ཆེད་དུ་བགྲེས་ཡོལ་གྱི་དུས་ཚོད་ཡོད་ཚད་བཏང་འདུག་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG