ངོ་འཕྲད་བདེ་བའི་དྲ་འབྲེལ།

སྔོ་ཤུལ་དགོན་པའི་གྲྭ་བ་གསུམ་གྱིས་རང་སྲེག་ངོ་རྒོལ།


ཕྱི་ལོ་༢༠༡༢་ཟླ་༡༡་ཚེས་༧་ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་༣་ཡས་མས་སུ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཤང་། ཚོ་དྲུག་སྡེ་བའི་ནང་ཚན། སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་བ་རང་ལོ་༡༥་ཅན་རྡོ་རྗེ་སྟེ། ཕ་མིང་ལ་ཚེ་རིང་དང་མ་མིང་ལ་གངས་དཀར། (ལོ་སྔོན་མར་གྲོངས་ཟིན་འདུག) དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་བ་རང་ལོ་༡༦་ཅན་བསམ་འགྲུབ། ཕ་མིང་ལ་བསོད་དར་དང་མ་མིང་པ་སངས་ཟེར། ཡང་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་བ་རང་ལོ་༡༦་ཅན་རྡོ་རྗེ་སྐྱབས། ཕ་མིང་ལ་ཚེ་རིང་དོན་གྲུབ་ཟེར་པ་གསུམ་གྱིས་རྔ་སྟོད་སྒོ་མང་ཤང་གི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་ཏེ། དུས་ཐུང་ཞིག་གི་ནང་དུ་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང་། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་༡༥་ཡིན་པའི་གྲྭ་རྡོ་རྗེ་དེ་མ་ཐག་ཏུ་འདས་གྲོངས་སུ་ཡོད་ཅིང་། བསམ་འགྲུབ་དང་རྡོ་རྗེ་སྐྱབས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམ་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་མོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཤང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་དྲག་ནན་མོ་བྱེད་མུས་ཡིན་འདུག རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ། དེང་སྐབས་དགེ་འདུན་པ་ཞལ་གྲངས་༡༣༠ ཙམ་ཡོད་འདུག་པ་དང་རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་༡༢་ལྷག་གི་མཚམས་སུ་ཡོད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG