ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་གྱི་དམར་མཆོད་དུས་ཆེན།


༄༅།། གཟའ་འཁོར་འདིར་དུས་ཡུན་བདུན་ཕྲག་གཅིག་གི་རིང་དུ་བལ་ཡུལ་གྱི་ལྷོ་ཕྱོགས་དང་རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་བྷ་རི་ཡར་པུར་ས་གནས་སུ་དམར་མཆོད་དུས་ཆེན་ཚུགས། དམར་མཆོད་དུས་ཆེན་འདིའི་སྐབས་སུ་མ་ཧེ་དང་ར་ལ་སྟོང་ཕྲག་མང་པོ་སྐེ་བཅད་ནས་བསད་པའི་ཁྲག་གིས་མཆོད་པ་འབུལ་སྲོལ་ཡོད་ཀྱང་བལ་ཡུལ་གྱི་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་པ་ཚོས་དམར་མཆོད་དུས་ཆེན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པས་བལ་ཡུལ་གཞུང་གིས་ཀྱང་དམར་མཆོད་འདིར་འགོག་སྡོམ་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཉེ་བའི་ལོ་ཤས་ཤིག་ནས་བལ་ཡུལ་གྱི་དམར་མཆོད་དུས་ཆེན་སྐབས་སུ་སེམས་ཅན་དམར་གསོད་བྱ་རྒྱུ་ཇེ་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་རུང་དམར་མཆོད་དུས་ཆེན་འདི་རྩ་འགོག་བྱེད་ཐུབ་ཀྱི་མེད་པ་སྟེ། བདུན་ཕྲག་འདིའི་གཟའ་མིག་དམར་གཅིག་པུར་གྲི་གུག་ཐོགས་པའི་ཤན་པ་ཚོས་མ་ཧེ་བརྒྱ་ཕྲག་འགའ་ཞིག་གི་སྐེ་བཅད་ནས་དམར་མཆོད་ཕུལ། དམར་མཆོད་དུས་ཆེན་གྱི་བཤས་ར་ནི་དུས་རྒྱུན་གྱི་བཤས་ར་ལྟར་མིན་པར་མཐའ་ལ་ལྕགས་རི་མཐོན་པོ་བསྐོར་ཏེ་གྱང་ཁར་གཟེ་མ་ར་མགོའི་ལྕགས་དྲྭ་འཐེན་པའི་རྐང་གྲུག་གི་རྩེད་ཐང་ཆེན་པོ་ཞིག་ཡིན་ཞིང་། ཧིན་དྷུ་ཆོས་དད་པ་ཁག་ཅིག་རྩིག་གྱང་ཁར་འཛེགས་ནས་སེམས་ཅན་གསོད་ཀྱི་ཡོད་པར་ལྟད་མོ་བལྟས་ནས་བྱིན་རླབས་ཞུས། རམ་ཨ་ཤཱི་ཤཱི་ཌ་སི་ཞེས་པའི་ཤན་པ་ཞིག་གིས་ངས་སེམས་ཅན་གྱི་སྐེ་བཅད་ན་སྐྱིད་པོ་འདུག གལ་སྲིད་སྲོལ་རྒྱུན་འདི་ངན་པ་ཞིག་ཡིན་ན་ཅིའི་ཕྱིར་མི་མང་པོ་ཞིག་འདིར་ཡོང་གི་ཡོད་པ་རེད་དམ། ངས་གཟའ་འཁོར་འདིར་མ་ཧེ་༣༠་ཐམ་པའི་སྐེ་བཅད་པ་ཡིན་ཞེས་བཤད།

འདས་པའི་དུས་རབས་མང་པོར་ལོ་ལྔ་རེའི་མཚམས་སུ་བལ་ཡུལ་ལྷོ་ཕྱོགས་ཀྱི་གྲོང་རྡལ་དེར་སེམས་ཅན་སྟོང་ཕྲག་མང་པོ་སྐེ་བཅད། ལྷ་མོ་གྷ་དྷི་མ་ཡེ་ཞེས་པ་ཞིག་ལ་ཁྲག་གི་མཆོད་པ་ཕུལ་ནས་ལྷ་མོ་དེར་དངོས་གྲུབ་སྩོལ་ཐུབ་པའི་ནུས་སྟོབས་ཡོད་པའི་རེ་ལྟོས་འཆང་། ཧིན་དྷུ་ཆོས་དད་པ་རྣམས་སེམས་ཅན་གྱི་སྐེ་གཅོད་ཀྱི་ཡོད་པར་ལྟད་མོར་བལྟ་རུ་ཡོང་སྲོལ་ཞིག་དར། རྒྱ་གར་དང་བལ་ཡུལ་གཉིས་ཀར་སྒོ་ཕྱུགས་བ་ལང་བསད་ནས་ཁྲག་གིས་དམར་མཆོད་འབུལ་ཆོག་གི་མེད་ཀྱང་མ་ཧེ་བསད་ནས་དམར་མཆོད་འབུལ་ཆོག ༢༠༡༩་ལོར་བལ་ཡུལ་གཞུང་གིས་དམར་མཆོད་དུས་ཆེན་ལ་འགྲོ་གྲོན་མ་བཏང་བ་དང་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་སེམས་མཆོད་སྡེབ་གསོད་བྱས་ནས་དམར་མཆོད་འབུལ་མི་ཆོག་ཅེས་ཐག་བཅད། ཉེ་ཆར་བལ་ཡུལ་གྱི་ཉེན་རྟོག་པ་དང་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་པ་ཚོ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་འདུས། ཁོ་ཚོས་མ་ཧེ་དང་ར་ལུག་སྟོང་ཕྲག་མང་པོ་ཁྲིམས་འགལ་གྱིས་རྒྱ་གར་ནས་བལ་ཡུལ་ལ་དོས་སྐྱེལ་རླངས་འཁོར་ནང་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རྣམས་བཀག ད་ལོའི་དམར་མཆོད་འདིར་བལ་ཡུལ་གཞུང་དང་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་པ་ཚོས་བཀག་སྡོམ་བྱས་ནས་སེམས་ཅན་བརྒྱ་ཕྲག་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཡོད་ཅིང་། ༢༠༠༩་ལོའི་དམར་མཆོད་དུས་ཆེན་སྐབས་སུ་མ་ཧེ་དང་ར་ལུག་བཅས་བདུན་ཕྲག་གཅིག་གི་རིང་ལ་ཁྱོན་བསྡོམས་སེམས་ཅན་༥༠༠༠༠༠་ཡས་མས་ཤིག་གི་སྐེ་བཅད་ནས་བསད། དེ་ནས་ལོ་ལྔའི་རྗེས་སུ་སེམས་བཅད་བསད་པའི་གྲངས་འབོར་དེ་ཉིད་༣༠༠༠༠་བར་དུ་ཇེ་ཉུང་ལ་སོང་། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་མ་ཧེ་༣༥༠༠་ལས་བསད་མེད་ཀྱང་དུས་ཡུན་བདུན་ཕྲག་གཅིག་གི་དམར་མཆོད་དུས་ཆེན་རིང་ལ་སེམས་ཅན་བསད་པའི་གྲངས་འབོར་༣༠༠༠༠་ལོངས་ས་མ་རེད་ཅེས་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ལས་སྣེ་ཚོས་བཤད་འདུག

རྒྱལ་སྤྱིའི་སྙིང་རྗེ་ཚོགས་པའི་རྒྱ་གར་གྱི་འཛིན་སྐྱོང་འགན་འཛིན་སན་གུབ་ཏ་ཞེས་པ་ཞིག་གིས་དུད་འགྲོ་ཉམ་ཆུང་དེ་དག་གིས་སྡུག་བསྔལ་མྱོང་གི་ཡོད་པ་མཐོང་ན་བཟོག་གླགས་བྲལ། སེམས་ཅན་དེ་རྣམས་གདུག་རྩུབ་ཀྱི་སྒོ་ནས་བཤས་རར་འཁྱེར་ནས་དམར་མཆོད་འབུལ་མཁན་ཚོའི་མདུན་དུ་བཤམས། དེ་ནས་སེམས་ཅན་དེ་རྣམས་གཅིག་གི་རྗེས་གཅིག་བཅས་སྐེ་བཅད་ནས་གསོད་ཀྱི་འདུག ང་ཚོས་གྷ་དྷི་མ་ཡེ་ལྷ་ཁང་གི་བླ་མཆོད་ལ་དུས་ཆེན་འདི་མེད་པར་གཏོང་དགོས་པའི་ཞུ་བ་འཐེན་པ་ཡིན། ལོ་ཤས་གོང་དུ་ལྷ་ཁང་དེའི་བླ་མཆོད་སྔོན་མ་ཚོས་དམར་མཆོད་དུས་ཆེན་འདི་མེད་པར་གཏོང་རྒྱུའི་ཞལ་བཞེས་གནང་བ་རྣམས་དྲན་སྐུལ་ཞུས་ཡོད། འོན་ཀྱང་ད་ལྟའི་བླ་མཆོད་འདིས་དུད་འགྲོ་སེམས་ཅན་གྱི་སྡུག་བསྔལ་དང་ང་ཚོའི་འབོད་སྐུལ། སྤྱི་ཚོགས་ཀྱི་ལྟ་ཚུལ་བཅས་ལ་གསན་འཇོག་གནང་གི་མི་འདུག་ཅེས་འུ་ཐུག་ནས་སྡུག་སྐད་བརྒྱབ། བདུན་ཕྲག་འདིའི་གཟའ་ཟླ་བ་སྟེ། དམར་མཆོད་དུས་ཆེན་འགོ་མ་ཚུགས་པའི་སྔ་ཉིན་དེར་བལ་ཡུལ་གྱི་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་འགོ་ཁྲིད་མ་ནོ་ཇཱི་གྷོ་ཏམ་གྱིས་བལ་ཡུལ་གཞུང་དང་གྷ་དྷི་མ་ཡེ་ལྷ་ཁང་གིས་སེམས་ཅན་དམར་མཆོད་འབུལ་རྒྱུ་བཀག་སྡོམ་ནུས་པ་ཐོན་ཞིག་བྱེད་ཀྱི་མི་འདུག་ཅེས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་འདུག ༢༠༡༤་ལོར་རྒྱ་གར་གཞུང་གིས་བལ་ཡུལ་གྱི་དམར་མཆོད་དུས་ཆེན་ལ་མ་ཧེ་དང་ར་ལུག་རྣམས་ཕྱིར་ཚོང་བྱེད་མི་ཆོག་ཅེས་བཀག དེ་ནས་ཡུན་རིང་མ་འགོར་པར་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཀྱང་བལ་ཡུལ་གཞུང་གིས་དམར་མཆོད་དུས་ཆེན་ལ་འགྲོ་གྲོན་བཏང་ནས་རྒྱབ་སྐྱོར་བྱེད་མི་ཆོག་ཅེས་བཀག་ཀྱང་སྒེར་པ་ཚོས་སེམས་ཅན་དམར་མཆོད་འབུལ་རྒྱུ་འགོག་ཐུབ་ཀྱི་མེད་པ་རེད།

བདུན་ཕྲག་འདིའི་མགོ་སྟོད་ནས་རྒྱ་གར་དང་བལ་ཡུལ་གྱི་གྲོང་གསེབ་ཁག་གི་ཧིན་དྷུ་ཆོས་དད་པའམ། ཡང་ན་མི་དམངས་དབུལ་ཕོངས་སྟོང་ཕྲག་མང་པོ་སྤྱི་སྤྱོད་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་སོགས་ཀྱི་ནང་དུ་བསྡད་ནས་བྷ་རི་ཡར་པུར་གྲོང་རྡལ་དུ་འདུས། གྲོང་གསེབ་པ་ཁག་ཅིག་དབྱིན་ལེ་བཅུ་ཕྲག་མང་པོར་རྐང་ཐང་དུ་ཡོང་ནས་ལྷ་མོ་གྷ་དྷི་མ་ཡེ་ལ་མཆོད་འབུལ་དང་གསོལ་བ་འདེབས་ཀྱི་ཡོད་པར་མ་ཟད། ཁོ་ཚོ་ཁག་ཅིག་གིས་སྲོལ་རྒྱུན་འདི་མིའི་འཚོ་བར་ཁ་འབྲལ་ཐབས་མེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ཞེས་ངོ་རྒོལ་བྱས་ནས་སྐད་བརྒྱབ། གྲོང་གསེབ་པ་ཚོས་དུད་འགྲོའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཚོགས་མི་རྣམས་གྲོང་རྡལ་དེའི་མགྲོན་ཁང་ཁག་ཏུ་བསྡད་ཡོད་པ་རྣམས་སྡོད་དུ་མ་བཅུག་པར་མཐར་བསྐྲད། དམར་མཆོད་དུས་ཆེན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བྷི་རཱེན་དྷ་ར་ཡ་དྷབ་ཀྱིས་མི་ཚོས་དམར་མཆོད་ཁས་བླངས་པ་རྣམས་བསྒྲུབ་མ་ཐུབ་ན་རང་ལ་ལྟས་ངན་ཞིག་འབྱུང་སྲིད་པའི་སྐྲག་སྣང་བྱེད་ཀྱི་འདུག ང་ཚོས་མི་མང་ལ་སེམས་ཅན་བསད་ནས་དམར་མཆོད་འབུལ་དགོས་ཞེས་སྐུལ་ལྕག་གཏོང་གི་མེད། ང་ཚོས་དམར་མཆོད་མ་འབུལ་ཞེས་འགོག་ཀྱང་མི་ཐུབ་ཅེས་བཤད། གྲོང་རྡལ་དེའི་ཡུལ་མི་ཚོས་དམར་མཆོད་དུས་ཆེན་དེར་ལོ་༢༦༠་ལྷག་གི་ལོ་རྒྱུས་ཡོད། ས་གནས་དེའི་ཞིང་པ་བྷག་ཝན་ཅོ་དྷི་རི་ཞེས་པ་ཞིག་ལ་ལོ་༢༦༥་ཡར་སྔོན་དུ་རྨི་ལམ་ངན་པ་ཞིག་རྨིས། ཁོ་པས་ལྷ་མོ་གྷ་དྷི་མ་ཡེ་ལ་ཁྲག་གི་མཆོད་པ་འབུལ་ལ་ངན་ལྟས་ཐམས་ཅད་བཟློག་ཐུབ་ཅེས་ལུང་བསྟན་བྱུང་། དེས་ན་ཞིང་པ་ཅོ་དྷི་རི་ཞེས་པ་དེས་རང་ལུས་ཀྱི་དབང་པོ་ལྔ་ནས་ཁྲག་བླངས་ཏེ་མཆོད་པ་ཕུལ། རིམ་བཞིན་མིའི་ཁྲག་གིས་མཆོད་པ་འབུལ་སྲོལ་ཞིག་དར་ཡོད་པ་སེམས་ཅན་གྱི་ཁྲག་གིས་དམར་མཆོད་འབུལ་སྲོལ་ཞིག་ལ་གྱུར། ཞིང་པ་ཅོ་དྷ་རིའི་བུ་རབས་ཚ་རྒྱུད་ཀྱིས་ལྷ་མོ་གྷ་དྷི་མ་ཡེའི་ལྷ་ཁང་གི་བླ་མཆོད་ཀྱི་གོ་གནས་བཟུང་ཡོད་པ་རེད།

ད་ལྟ་དམར་མཆོད་དུས་ཆེན་འདི་དར་ཁྱབ་ཆེན་པོ་སོང་སྟེ་བལ་ཡུལ་གྱི་སྲིད་དོན་པ་དང་ཚོང་པ་འབྱོར་ལྡན་པ་ཚོས་བྷ་རི་ཡར་པུར་གྲོང་རྡལ་དུ་བསྐྱོད་པའི་ལམ་དེར་བྱོན་པ་ལེགས་ཞེས་བཀོད་པའི་ཡིག་བྱང་བཙུགས། བལ་ཡུལ་གྱི་ཉེན་རྟོག་པ་ཚོས་རྒྱ་གར་གྱི་ས་མཚམས་བཀག་ཀྱང་དོས་སྐྱེལ་རླངས་འཁོར་བཅུ་ཕྲག་མང་པོའི་ནང་དུ་མ་ཧེ་དང་ར་ལུག ཕུག་རོན་དང་ཁྱིམ་བྱ་སོགས་འཁྱེར་ཡོང་ནས་དམར་མཆོད་ཕུལ། བལ་ཡུལ་གྱི་དམར་མཆོད་དུས་ཆེན་འདི་བྱི་བ་ཞིག་དང་ར། མ་ཧེ་དང་ཕག ཁྱིམ་བྱ་ཞིག་བཅས་སེམས་ཅན་རིགས་མ་འདྲ་བ་ལྔ་བསད་ནས་འགོ་ཚུགས། མཐའ་མཇུག་གི་ཉིན་གཉིས་ལ་སེམས་ཅན་མང་བ་བསད་ནས་ཁྲག་གིས་དམར་མཆོད་ཕུལ་ཏེ་མཇུག་བསྡུ། གཟའ་མིག་དམར་གྱི་ཞོགས་པར་བཤས་རའི་སྒོ་འགྲམ་དུ་མང་ཚོགས་རྣམས་འགྲོ་སྐྱོད་བྱེད་མི་ཆོག་ཀྱང་ཤན་པ་ཚོས་གྲི་གུག་ཐོགས་ནས་སྒུག ལྷ་ཁང་གི་མཆོད་གནས་ཀྱིས་མིང་འབོད་བྱས་པའི་ཤན་པ་རྣམས་བཤས་རའི་ནང་དུ་འགྲོ་དགོས་པས་མང་ཚོགས་ཀྱིས་དེ་ལ་དགའ་བསུ་ཞུས་ནས་སྐད་བརྒྱབ། བཤས་རའི་ནང་དུ་སེམས་ཅན་སྟོང་ཁྲག་མང་པོ་རྩྭ་ལ་གཡེང་ཡོད་པའི་སྐབས་སུ་གཉའ་ལྟག་ལ་གྲི་གུག་གཞུས་ནས་མགོ་ལུས་དུམ་བུ་གཉིས་སུ་གཅོད། དུས་ཡུན་ཆུ་ཚོད་༦་ཡས་མས་ཤིག་གི་རྗེས་སུ་མ་ཧེ་རྣམས་བསད་ཚར་ན་ཤན་པ་ཚོའི་རྐང་ལག་དང་ངོ་གདོང་སོགས་ལ་ཁྲག་འགོས་ཏེ་བཤས་ར་ནས་ཕྱི་ལ་འབུད། བལ་བོ་གནས་སྐོར་བ་ཇཱ་ཡ་ཀུ་མར་རམ་ཞེས་པ་ཞིག་བཤས་རའི་སྒོ་འགྲམ་གྱི་ཕྱི་ལོགས་སུ་ལངས་ནས་ང་ལ་བུ་ཕྲུག་༤་ཡོད། ད་སྟེ་བུ་ཕྲུག་ཚོར་ལྷ་མོའི་བྱིན་རླབས་ཐོབ་ནས་བདེ་ཐང་དུ་འགྱུར་རྒྱུ་རེད། སྐྱེ་བོ་བསོད་ནམས་ཅན་དང་ལས་སྣང་དག་པ་རྣམས་མ་གཏོགས་འདིར་སླེབས་ཐུབ་རྒྱུ་མ་རེད་ཅེས་བཤད། དགོང་མོ་དེར་དམར་མཆོད་གོ་སྒྲིག་ཚོགས་ཆུང་གི་ལས་སྣེ་ཚོས་སེམས་ཅན་བསད་པ་རྣམས་ཕྱོགས་གཅིག་བསྡུས། མ་ཧེ་དང་ར་ལུག་གི་མགོ་རྣམས་ལྷ་ཁང་གི་ཉེ་འཁོར་ཞིག་ཏུ་ས་འོག་ཏུ་སྦས། སེམས་ཅན་ཤི་རོ་རྣམས་ཀྱི་ཀོ་ལྤགས་བཤུས་ནས་ཤ་རྣམས་རྒྱལ་ས་ཀ་ཐེ་མན་རྡུ་གྲོང་ཁྱེར་དུ་འཁྱེར་དུ་བཙོངས། དེ་ནས་ཁོ་ཚོས་སླར་ཡང་བཤས་ར་ཆེན་པོ་དེ་རྐང་གྲུག་རྩེད་ཐང་ངམ། ཡང་ན་རྒྱ་གར་སོགས་ལ་དར་སྲོལ་ཆེ་བའི་དབྱུག་རྩེད་ལྒང་ལི་སྟེ། དབྱིན་སྐད་དུ་ཁེ་རི་ཀེ་ཊི་ཞེས་པའི་རྩེད་ཐང་དེར་སྒྱུར་གྱི་ཡོད་པ་རེད།

XS
SM
MD
LG