ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གཞུང་ཚབ་པ་དང་ཡུ་གུར་བའི་གནད་དོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་བདུན་ཕྲག་སྔོན་མར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མ་ལེ་ཤི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་པེ་ཐེན་གྱིས་ཞིན་ཅང་གི་བདེན་པའི་གནས་ཚུལ་ཞེས་མིང་བྱང་བཀོད་པའི་རྩོམ་ཡིག་ཅིག་སྤེལ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་འདུག་ཅེས་ནུབ་ཕྱོགས་པའི་སྲིད་དོན་པ་དང་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་གྱི་ཡོད་པ་ནི་བདེན་པ་མིན་པའི་འཁྱོག་བཤད་ཅིག་རེད། དོན་དངོས་སུ་རྒྱ་ནག་གཞུང་གིས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དཔེར་ན་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་ཚོར་ཧ་ལའི་ཟས་རིགས་ཀྱི་ཟ་ཁང་ཇི་སྙེད་ཅིག་ཡོད། མི་༥༣༠་རེ་ལ་ཕྱག་འཚལ་ཁ་འདོན་བྱ་ཡུལ་ལྷ་ཁང་རེ་ཡོད། ཏུར་ཀི་རྒྱལ་ཁབ་ལས་ཀྱང་ཞིན་ཅང་ན་ཡུ་གུར་བ་ཚོར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་མང་བ་ཡོད་ཅེས་བྲིས་པའི་རྩོམ་ཡིག་དེ་མ་ལེ་ཤི་ཡའི་དབྱིན་ཇི་དང་རྒྱ་ཡིག མ་ལ་ཡའི་སྐད་ཀྱི་གསར་ཤོག་ཆེ་ཁག་ཏུ་བཀོད། རྒྱ་ནག་གི་གཞུང་ཚབ་པའི་རྩོམ་ཡིག་དེར་རྒྱ་ནག་གི་ཡུ་གུར་གྲངས་ཉུང་མི་རིགས་ལ་འཕྲད་བཞིན་པ་ནི་མནར་གཅོད་མིན། དེ་ནི་སྤྱི་ཚོགས་ཀྱི་བདེ་རྩ་སྒྲུབ་པ་དང་རྒྱ་མི་རིགས་ལས་ཀྱང་ཡུ་གུར་བ་སྤུན་ཟླ་ཚོའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་ཅེས་རྒྱ་ནག་གི་ལངས་ཕྱོགས་གསལ་སྟོན་བྱས་འདུག

འོན་ཀྱང་མ་ལེ་ཤི་ཡའི་སྤྱི་ཚོགས་སུ་རྒྱ་ནག་ལ་ལྟ་སྟངས་བཟང་པོ་མེད་པ་དང་ཞིན་ཅང་གི་བདེན་པའི་གནས་ཚུལ་ཟེར་པའི་རྩོམ་ཡིག་གིས་མ་ལེ་ཤི་ཡའི་མི་དམངས་རྣམས་རྒྱ་ནག་ལ་སྡང་ཟུག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་ཞིང་། རྒྱ་ནག་གི་གཞུང་ཚབ་པའི་རྩོམ་ཡིག་དེར་མ་ལེ་ཤི་ཡའི་ཁ་ཆེའི་ཤེས་ཡོན་ཅན་ཚོས་ངོ་རྒོལ་བྱས་ནས་དགག་པ་ནན་པོ་བརྒྱབ་འདུག ཨ་ཛར་ཁན་ཞེས་པ་ཞིག་གིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་མ་ལེ་ཤི་ཡའི་སྐར་ཆེན་ཚགས་པར་ལ་རྒྱ་ནག་གི་གཞུང་ཚབ་པའི་རྩོམ་ཡིག་བཀོད་ནས་དངུལ་སྒོར་ཅི་ཙམ་རག་སོང་ངམ་ཞེས་དོགས་འདྲི་བྱས་པ་དང་མ་ལེ་ཤི་ཡའི་ཁ་ཆེ་བསྐྱར་དར་མདུན་སྐྱོད་ཚོགས་པ་སྟེ། མ་ལེ་ཤི་ཡའི་ཁ་ཆེའི་མཁས་པ་ཚོའི་བསམ་བློ་ཁྱབ་སྤེལ་གཏོང་མཁན་ཞིབ་འཇུག་ལས་ཁང་ཞིག་གིས་ཀྱང་ཁྱེད་ཚོར་རྒྱ་ནག་གི་བཟང་ཆ་ཞིག་ཁྱབ་སྤེལ་བྱ་རྒྱུ་མ་རྙེད་པར་བསྡད་ཡོད་པ་རེད་ཅེས་སྐྱོན་བཙུགས། ཁ་ཆེ་བསྐྱར་དར་མདུན་སྐྱོད་ཚོགས་པ་གསར་འཛུགས་པ་སློབ་དཔོན་མུ་ས་ཞེས་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་འཛམ་གླིང་སྤྱི་ལ་མགོ་སྐོར་གཏོང་གི་ཡོད་པར་མ་ཟད། ཁ་ཆེའི་རྒྱལ་ཁབ་ཁག་ལ་དེ་བས་ཀྱང་དྲིལ་བསྒྲགས་ལོག་པ་བྱས་ནས་མི་མང་གི་བློ་ཁ་སྒྱུར་ཐབས་བྱེད་ཀྱི་གྱི་འདུག ཞིན་ཅང་ལ་ཅི་ཞིག་འབྱུང་གི་ཡོད་པ་ཐམས་ཅད་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལྐོག་གཡོ་ངན་ཇུས་ཤིག་རེད་ཅེས་ལན་ཁག་དཀྲི་བཞིན་ཡོད་མོད། འོན་ཀྱང་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་བར་སྣང་ནས་འདྲ་པར་བླངས་པ་དེར་འགྲེལ་བཤད་ཅི་ཞིག་རྒྱག་རྒྱུ་ཡིན་ནམ། དོན་དངོས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

མ་ལེ་ཤི་ཡའི་ཉིན་རེའི་ཚགས་པར་གྱིས་རྒྱ་ནག་གི་གཞུང་ཚབ་པ་པེ་ཐེན་གྱི་རྩོམ་ཡིག་འགོད་རྒྱུའི་ཐག་གཅོད་བྱས་པ་ནོར་འཁྲུལ་མིན། ང་ཚོས་ཕྱོགས་གཉིས་ཀྱི་གསར་འགྱུར་ཆ་མཉམ་ཞིག་སྤེལ་གྱི་ཡོད། ད་སྔ་རོ་ཡེ་ཊར་དང་ནེའུ་ཡོཀ་དུས་བབ་ཚགས་པར་སོགས་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་ཞིན་ཅང་གི་གནས་ཚུལ་སྤེལ་བ་དང་། རྒྱ་ནག་གི་བཀག་ཉར་ཁང་དུ་ཚུད་པའི་ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་ཉམས་མྱོང་བརྗོད་པ་རྣམས་ཀྱང་ཚགས་པར་ནང་དུ་བཀོད་ཡོད། ད་དུང་ཞིན་ཅང་གི་གནད་དོན་འཁོད་པའི་རྒྱ་གཞུང་གི་གསང་བའི་ཡིག་ཆ་ཕྱི་ལ་འཁྱར་པ་རྣམས་ཀྱང་མ་ལེ་ཤི་ཡའི་ཉིན་རེའི་ཚགས་པར་གྱིས་བརྒྱུད་བསྒྲགས་བྱས་མྱོང་། ང་ཚོས་རྒྱ་ནག་གི་གཞུང་ཚབ་པའི་རྩོམ་ཡིག་བཀོད་པར་སུ་གཅིག་གིས་ཀྱང་དངུལ་སྒོར་སྤྲད་མ་སོང་ཞེས་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་སེ་ཝན་གྱིས་ལན་འདེབས་བྱས་འདུག ཡིན་ནའང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་མི་གྲངས་ས་ཡ་༡་བརྒལ་བ་ཞིག་བཀག་ཉར་ཁག་དེ་དག་གི་ནང་དུ་བཅུག་ཡོད་ཅིང་། ཡུ་གུར་བ་ཚོར་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག་ནན་པོ་བྱེད་འདུག ཁོ་ཚོར་རང་གི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྒྱབ་ཏུ་བསྐྱུར་དགོས། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་རྒྱ་ཡིག་རྒྱ་སྐད་སྦྱངས་ནས་མི་རིགས་མཉམ་འདྲེས་བྱ་དགོས་ཞེས་གདུག་རྩུབ་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་འདུག རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་ནི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་ལེན་བསྟར་ཡུལ་ཞིག་རེད་ཅེས་སྙན་ཐོ་བཏོན།

རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ཀྱིས་ཤན་ཞུགས་ངན་པ་ཐེབས་ཀྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཀག་ཉར་ཁང་རེད་ཟེར་པ་རྣམས་ལག་ཤེས་སློབ་གྲྭ་ཡིན། རྒྱ་ནག་གཞུང་གིས་འཇིགས་སྐུལ་དང་ཁ་བྲལ། མཐའ་ལྷུང་སོགས་དུག་རྒྱུན་ངན་པའི་ཤུགས་རྐྱེན་ཐེབས་པའི་ཡུ་གུར་བ་ན་གཞོན་ཚོར་ལག་ཤེས་དང་ཤེས་ཡོན་བསླབས་ནས་མི་ཚེའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་བཀྲལ། ཉམས་ཞིབ་པ་མང་པོ་ཞིག་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་རྣམས་བཙོན་ཁང་ཡིན་པ་དང་ཡུ་གུར་བ་མང་པོ་ཞིག་ལ་བཀག་ཉར་ཁང་དེ་དག་གི་ནང་དུ་མནར་གཅོད་བཏང་ནས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་འདུག འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ནས་ད་ལྟའི་བར་དུ་འཛམ་གླིང་འདིར་མི་རིགས་སྡེབ་འཛིན་གྱི་བཙོན་ར་ཆེན་པོ་འདི་འདྲ་ཞིག་ཚུགས་མྱོང་མེད་ཅེས་སྡོམ་ཚིག་བརྒྱབ། མདོར་ན་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཕྱི་ལ་འཁྱར་པ་དེ་དག་གི་ནང་དུའང་ཞིན་ཅང་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱུང་རུང་རྒྱ་ནག་གཞུང་གིས་ཡིག་ཆ་དེ་རྣམས་རྫུན་མ་རེད་ཅེས་དགག་པ་བརྒྱབ་འདུག

མ་ལེ་ཤི་ཡའི་སྲིད་དོན་ཉམས་ཞིབ་པ་ཧ་སན་ཞེས་པ་ཞིག་གིས་མ་ལ་ཡའི་མི་དམངས་རྣམས་རྒྱ་ནག་གི་དྲིལ་བསྒྲགས་ལ་ཡིད་ཆེས་མེད་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤེལ་བའི་གསར་འགྱུར་ལ་བདེན་ཤད་ཆེ་བ་དང་རྒྱ་ནག་གི་འགྲེལ་བཤད་ལ་འཁྱོག་བཤད་རྫུན་སྒྲིག་མང་བའི་སྟབས་ཀྱིས་རེད། དེང་སྐབས་མ་ལེ་ཤི་ཡའི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་གཞུང་ཚབ་པའི་རྩོམ་ཡིག་འགོད་ཀྱི་ཡོད་པ་རྒྱ་ནག་གིས་མ་ལེ་ཤི་ཡར་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་རྟགས་མཚན་ཞིག་རེད་ཅེས་བློ་འཚབ་ཀྱི་རྣམ་འགྱུར་བསྟན། འཛམ་གླིང་འདིར་ཁ་ཆེ་རྒྱལ་ཁབ་མང་པོ་ཡོད་པ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་བ་དུང་ཕྱུར་༡༠་ཡོད་ཀྱང་ཏུར་ཀི་དང་མ་ལེ་ཤི་ཡ། རྒྱ་གར་གྱི་ཁ་ཆེ་ཚོ་དང་ཨིན་རྡུ་ནེ་ཤི་ཡའི་ཁ་ཆེ་ཉུང་ཤས་ཤིག་གིས་མ་གཏོགས་ཞིན་ཅང་གི་གནད་དོན་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མི་ཕོད། སོ་ཌི་ཨ་རེ་བྷི་ཡ་དང་པ་ཀི་སི་ཐན་སོགས་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཕལ་མོ་ཆེ་རྒྱལ་སྤྱིའི་ཚོགས་ཆེན་ཁག་ཏུ་རྒྱ་ནག་གི་རྒྱབ་རྩར་ལངས་ཏེ་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཐེབས་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་དུ་འཇུག་གི་མེད་པ་རེད།།

XS
SM
MD
LG