ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་འོང་གི་གོང་མ་ཨ་ཀི་ཧི་ཏོས་བརྙན་འཕྲིན་ཐོག་ཉི་འོང་མི་མང་ལ་གསུང་འཕྲིན་གནང་བའི་ནང་དགུང་ལོའི་བབས་ཀྱིས་གོང་མའི་ལས་འགན་ཚུལ་བཞིན་སྐྱོང་ཐུབ་རྒྱུར་ཐུགས་ཚབ་འདུག་ཅེས་གསུངས་འདུག་པ་དང་། དེ་ནི་གོང་མའི་གོ་གནས་ནས་བཤོལ་རྒྱུར་དགོངས་པ་བཞེས་ཀྱི་ཡོད་པའི་མངོན་རྟགས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ཡང་རེས་གཟའ་ཟླ་བའི་ཉིན་ཤོན་ཏུ་དཀོན་པའི་ཉི་འོང་མང་ཚོགས་ལ་གསུང་འཕྲིན་གནང་བའི་ནང་ཉི་འོང་གི་གོང་མ་ཨ་ཀི་ཧི་ཏོས་གསུངས་དོན་ལ་ ངོས་རང་ལོ་བརྒྱད་ཅུའི་ནང་སླེབས་པ་དང་། སྟབས་ལེགས་པར་ད་ལྟ་བདེ་ཐང་ཡིན་ནའང་། གཟུགས་པོའི་ནུས་པ་རིམ་བཞིན་ཉམས་འགྲོ་བཞིན་པ་བཅས་ལ་བསམ་ཞིབ་བྱས་ཚེ་ ད་བར་སོ་སོས་ངོས་ནས་ཧུར་བསྐྱེད་བྱས་ཀྱང་ལོ་ན་དང་ལུས་ཀྱི་ནུས་སྟོབས་བཅས་ཀྱིས་གོང་མའི་ལས་འགན་ཚུལ་བཞིན་བསྐྱང་ཐུབ་རྒྱུར་བློ་ཚབས་འདུག ད་བར་གོང་མའི་མཚོན་རྟགས་རྒྱུན་འཁྱོངས་བྱ་རྒྱུར་ཧུར་ཐག་བྱས་ཡོད་ཅེས་གསུངས་འདུག ༡༩༨༩ ལོར་གོང་མ་ཧི་རོ་ཧི་ཏོ་གྲོངས་རྗེས་ཉི་འོང་གོང་མའི་འགན་འཁུར་བླངས་ཡོད་པ་དང་། གོང་མའི་འགན་དབང་བཟུང་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་སྐབས་དེ་སྔ་ཨེ་ཤ་ཡའི་དམག་འཁྲུག་སྐབས་ཉི་འོང་གིས་བཙན་འཛུལ་བྱས་པའི་རྐྱེན་གྱིས་སེམས་ནང་སྡང་ཟུག་གི་རྨ་ཁ་བཟོས་ཡོད་པ་དེ་མེད་པར་ཐབས་དང་། གོང་མ་དང་ཉི་འོང་མི་མང་དབར་བློ་ཐག་ཉེ་རུ་གཏོང་ཐབས་ལ་འབད་བརྩོན་གནང་ཡོད་པ་རེད།

XS
SM
MD
LG