ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྒོ་ཤེར་གྱི་ཤུགས་རྐྱེན་དང་བསམ་བློ་བར་དྲག་གནོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བླ་མ་དང་མཁན་པོ། དགེ་བཤེས་སོགས་ཀྱི་ཆོ་ལོ་མེད་པའི་གྲྭ་རྐྱང་དཀྱུས་མ་སྒོ་ཤེས་རབ་རྒྱ་མཚོ་སུ་ཡིན་པ་དང་བོད་ཕྱི་ནང་གཉིས་སུ་ཤུགས་རྐྱེན་ཆེན་པོ་ཆགས་དོན། ཁོང་གི་བསམ་བློ་དང་དཔེ་ཆ་ཁག་གི་སྙིང་དོན་བཅས་ཀྱི་ཐད་ལ་ཨ་རིར་གནས་སྡོད་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་དང་ཨོ་གླིང་དུ་གནས་སྡོད་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་གཉིས་གདན་འདྲེན་གྱིས་བགྲོ་གླེང་ཞུས་ཡོད་ཅིང་། ད་དུང་འབུམ་རམས་པའི་སློབ་མ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལ་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་བསམ་བློ་བ་ཚོ་འཛིན་བཟུང་བྱེད་བཞིན་པ་བཅས་ཀྱི་ཐད་ལ་དཔྱད་བརྗོད་སྤེལ་དུ་བཅུག་ཡོད།།

ཀུན་གླེང་སྐུ་མགྲོན་ཀླུ་སྨྱོན་གྱིས་སྒོ་ཤེས་རབ་རྒྱ་མཚོ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་སྐོར་ལ་བརྗོད་དོན་ལྟར་ན། སྒོ་ཤེས་རབ་རྒྱ་མཚོའམ། ཡོངས་གྲགས་སུ་སྒོ་ཤེར་ཞེས་འབོད་པ་ནི་རྔ་བ་ཀིརྟི་དགོན་དང་དབུས་ཀྱི་གདན་ས་སེ་ར་སོགས་སུ་ནང་པའི་གཞུང་ཆེན་དང་ཐུན་མིན་རིག་གནས་ཁག་ལ་སློབ་གཉེར་གནང་སྟེ་དེ་དག་ལས་ཀྱང་གཏན་ཚིགས་རིག་པར་སློབ་གཉེར་གྱིས་རིགས་ལམ་དེ་དག་གི་ཁ་སྣོན་ལ་མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པ། སྤྱི ཚོགས་རིག་པ་བཅས་ལ་སློབ་གཉེར་གྱིས་བོད་ནང་གི་ས་གནས་དང་ཆོས་བརྒྱུད་དབྱེར་མེད་ཀྱི་སྐྱ་སེར་ཡོངས་ལ་དཔེ་ཁྲིད་གནང་མཁན། འཆད་ཁྲིད་རྣམས་གནའ་དེང་ཟུང་འབྲེལ་གྱིས་བསམ་བློ་གསར་པ་ཁྱབ་སྤེལ་བྱེད་མཁན་གྱི་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་གྲྭ་རྐྱང་ཞིག་ཡིན་པ་རེད།།
མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྒོ་ཤེར་གྱིས་བཞག་པའི་ཐོག་མའི་བག་ཆགས་སྐོར་ལ་བརྗོད་དོན་ལྟར་ན། སྤྱི་ལོ་༢༠༠༣་དང་༢༠༠༤་ལོར་རྫ་ཚེ་རིང་བཀྲ་ཤིས་རང་ཉིད་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་མའོ་རྫོང་བཙོན་ཁང་ཞིག་ཏུ་བཙོན་འཇུག་སྐབས་སུ་བཙོན་གྲོགས་ཚོའི་ངག་ནས་སྒོ་ཤེར་ཟེར་བ་ཞིག་(བཙོན་པ་ཚོས་རྔ་བའི་ཨ་ཁུ་ཞེས་འབོད་བཞིན་པ)བཙོན་ཁང་དེར་ལོ་ཤས་བཞུགས་མྱོང་ཡོད་པ་རེད། བཙོན་ཁང་གི་དོ་དམ་པ་ཚོས་བཙོན་པར་བརྙས་བཅོས་བྱས་པར་ཞུ་གཏུགས་སྙན་ཞུ་བྲིས་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་བཙོན་ཁང་དུ་མི་རིགས་སྐད་ཡིག་གི་ཐོབ་ཐང་ཁྲིམས་སྲོལ་གཞི་ལ་བཞག་ནས་བཙོན་ཁང་དུ་བོད་ཡིག་འཛིན་གྲྭ་འཛུགས་དགོས་པའི་སྙན་ཞུ་བྲིས་པ་སོགས་གོ་ཐོས་བྱུང་སོང་། དེ་དུས་ནས་སྒོ་ཤེར་ཟེར་བའི་རྔ་བའི་ཕྱོགས་ཀྱི་གྲྭ་པ་འདིས་བག་ཆགས་ཟབ་མོ་ཞིག་བཞག་སོང་། ཕྱིས་སུ་སྒོ་ཤེས་རབ་རྒྱ་མཚོས་བརྩམས་པའི་(རྒྱུན་ཤེས་དང་ལམ)་ཞེས་པའི་དཔེ་དེབ་དང་དྲྭ་ལམ་རྩོམ་ཡིག གཏམ་བཤད་སོགས་ལ་ཉན་མྱོང་ཡོད་ཅེས་བཅས་ངོ་སྤྲོད་གནང་སོང་།།

བོད་ལ་རྩོམ་པ་པོ་དང་བསམ་བློ་བ། སློབ་གསོ་བ་མང་པོ་ཡོད་པའི་གྲས་སུ་སྒོ་ཤེས་རབ་རྒྱ་མཚོ་ནི་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་རེད་ཅེས་ཀླུ་སྨྱོན་གྱིས་སྒོ་ཤེར་གྱིས་བརྩམས་པའི་(ང་ཚོ་སད་རན།)དང་(རང་ལམ་རང་འཚོལ།) (རྒྱུན་ཤེས་དང་ལམ།) (སྐྱེས་ཆེན་གྱི་བཞུད་ལམ།) (ཧི་མ་ཡའི་ཕར་ཚུར།) (དཔྱད་འཚོལ་དང་ལྟ་ཚུལ།) (བསམ་གཞིག་པའི་སེམས་སྒྲ།)བཅས་དཔེ་དེབ་བདུན་བརྩམས་པ་དེ་དག་གི་བརྗོད་བྱ་གཙོ་བོ་ནི་ནང་པའི་ལྟ་སྤྱོད་གཉིས་ལ་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རིགས་ལམ་ཟུང་འབྲེལ་བྱས་པའི་ཉིང་བཅུད་ཕྱིར་འདོན་དང་མཉམ་སྦྱོར་གྱིས་དགོན་གྲོང་གཉིས་ལ་གོ་བརྡ་འཕྲོད་བདེའི་འཆད་པ་མཁས་པ། དགོན་པ་སོ་སོར་དཔེ་ཁྲིད་སྐབས་སུ་གཞུང་ཆེན་རྣམས་ངོ་སྤྲོད་བྱས་པ་ཙམ་མིན་པར་དེར་གཞོགས་འདེགས་བྱེད་སྤྱད་ཀྱི་དཔེ་དང་དཔེ་མཚོན་དེ་ཚོ་ངོ་མཚར་ཆེ་བ། རང་གི་གཏན་ཚིགས་བསྲུར་བར་སུ་གང་ལ་ཡང་མི་བསྟུན་པའི་དགག་སྒྲུབ་ཀྱི་གཤིས་ཀ་ལྡན་པའི་མི་གཤིས་སྲ་མོ་སོགས་ཀྱིས་མི་མང་པོའི་ཡིད་དབང་འཕྲོག་ཏུ་བཅུག་ཡོད་པར་མ་ཟད། བོད་ཀྱི་སློབ་གསོ་བ་གཞན་པ་ལྟར་གང་ཞིག་ལ་དགག་སྒྲུབ་བྱེད་དུས་དེར་རྣམ་བཞག་ཚབ་མཚོན་གྱི་བསམ་བློ་གསར་པ་མེད་ཀྱང་སྒོ་ཤེར་ནི་དེ་ལས་ལྡོག་སྟེ་ཚབ་མཚོན་བསམ་བློ་མཁོ་འདོན་གནང་ཐུབ་མཁན་ཞིག་ཡིན་པ་དང་ནང་བའི་རིག་གནས་ཀྱི་རྨང་གཞིའི་ཐོག་ཏུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་དམངས་གཙོ་དང་བདེན་པའི་ཆེད་དུ་འཐབ་རྩོད་བྱེད་མཁན་ཚོའི་ལོ་རྒྱུས་དང་འདྲ་གཟུགས་མི་སྣ་དྲངས་ནས་བདེན་པ་བསྲུར་བར་དཀའ་ཐུབ་སྤྱོད་དགོས་པ་སོགས་ཐད་ཀར་དང་ཐད་ཀར་མ་ཡིན་པར་སྦྱོར་བདེའི་ཚིག་གི་ངག་རྩལ་གྱིས་བོད་ཀྱི་རིག་གནས་དང་ཁོར་ཡུག བསམ་བློ། འཚོ་གནས་བཅས་ལ་དཔེ་དང་དཔེ་མཚོན་གྱིས་དགོན་གྲོང་གཉིས་ལ་གོ་བརྡ་འཕྲོད་པོ་གནང་ཐུབ་ཡོད་པ་བཅས་མཁས་བཙུན་བཟང་གསུམ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ཅེས་བཤད།།

རྫ་ཚེ་རིང་བཀྲ་ཤིས་ལ་དོ་སྣང་གཞན་ཞིག་བྱུང་བ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཞིག་གིས་སྒོ་ཤེར་ཞིབ་འཇུག་ཅེས་ཆེད་དུ་སྒོ་ཤེས་རབ་རྒྱ་མཚོའི་བསམ་བློ་ལ་ཞིབ་འཇུག་བྱེད་པའི་ཆེད་རྩོམ་ཞིག་དཔར་དུ་བསྐྲུན་ཡོད་འདུག་ཅིང་། ཡང་སྒོ་ཤེས་རབ་རྒྱ་མཚོས་ཚད་མ་རྣམ་འགྲེལ་གྱི་དཔྱད་བརྗོད་ལྟར་ན་ཡང་བརྗོད་བྱའི་ཆ་ནས་དཔལ་ཆོས་ཀྱི་གྲགས་པའི་མནའ་བོའི་རིག་གནས་གཞི་ལ་བཞག་པ་གང་ཞིག་ལ་དེར་དུས་རབས་དང་མཐུན་པའི་བསམ་བློ་དང་ཤེས་རབ་ཟུང་འབྲེལ། དགོན་པ་དང་སྤྱི་ཚོགས་། ཆོས་རྒྱུད་ཁག་གི་བར། མནའ་དེང་གི་རིག་གནས་གཤིབ་སྡུར་གྱིས་བཤད་པ། ལྷག་པར་དུ་ནུབ་ཕྱོགས་ཀྱི་ལྟ་གྲུབ་ཁག་ལ་རྒྱུས་ལོན་ཡོད་མཁན། བོད་ཀྱི་མཁས་པ་མང་པོར་གཞུང་ཆེན་གྱི་ཤེས་བྱ་ཁོང་དུ་ཆུད་ཀྱང་མི་སྒེར་གྱི་རྣམ་དཔྱོད་དང་རྟོགས་པ་ཐ་དད་པ་ཡོང་གི་ཡོད་པས་སྒོ་ཤེར་ནི་དེ་གཉིས་དོ་མཉམ་པའི་ཤེས་རབ་ཅན་ཞིག་རེད། འདས་པའི་ལོ་ཤས་ནང་དྲྭ་ལམ་དུ་ཐོན་པའི་སྒོ་ཤེར་དང་འབྲེལ་བའི་དོན་རྐྱེན་ཁག་ཅིག་ཀྱང་ངོ་སྤྲོད་གནང་སོང་།།

རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུའི་རང་རྐྱ་ཐུབ་པའི་བསམ་བློ་བ་དང་རྩོམ་པ་པོ། ལྷག་པར་དུ་བོད་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་མོས་བྱ་ཡུལ། ཤུགས་རྐྱེན་ཅན་རྣམས་འཛིན་བཟུང་གིས་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་པ་འདིས་བོད་ནང་གི་བོད་པའི་བསམ་བློ་བ་དང་དེ་ཚོར་དགའ་མོས་བྱེད་མཁན་ཚོར་འཇིག་སྣང་སྐུལ་སྟངས་ཤིག་ཡིན་པར་མ་ཟད། བོད་པ་ཚོར་བརྡ་ལན་གཞན་ཞིག་སྤྲོད་བཞིན་པ་ནི་རྒྱ་ནག་གི་སྲིད་ཇུས་དེ་ཧ་ལས་པའི་དྲག་པོ་དང་བོད་ཀྱི་གནས་སྟངས་དེ་སྡུག་པོ་ཞིག་ཡིན་པ་དྲན་སྐུལ་གཏོང་བར་ནུས་པ་ཐོན་འདུག་ཅེས་སྐུ་མགྲོན་གཉིས་ཀྱིས་བསམ་ཚུལ་གཅིག་མཚུངས་
བཤད་སོང་། ཡང་སྒོ་ཤེར་གྱི་བརྩམས་ཆོས་རྒྱུད་དེ་རྒྱུས་ལོན་བྱས་པའི་སྒོ་ཤེར་ནི་རྒྱ་ནག་གི་འཛིན་བཟུང་བྱས་ཏེ་ལུས་སེམས་གཉིས་ལ་གདུག་རྩུབ་བཀོལ་བ་ཙམ་གྱིས་གཏན་ཚུགས་ལ་འགྱུར་བ་གཏོང་མཁན་ཞིག་མིན་པར་ཡིད་ཆེས་བྱེད་བཞིན་འདུག

ཨ་མི་རི་ཀའི་ནུབ་བྱང་གཙུག་ལག་སློབ་གྲྭར་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་སློབ་གསོ་བ་སྒོ་ཤེས་རབ་རྒྱ་མཚོ་དང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་གཉིས་ནི་བོད་ཀྱི་དགོན་སྡེ་དང་མང་ཚོགས་ཀྱི་ཟམ་པ་ལྟ་བུ་ཡིན་ཞིང་། ཁོང་གཉིས་གཙོས་ཤེས་ཡོན་ཅན་དང་རྩོམ་པ་པོ་རྣམས་འཛིན་བཟུང་བྱས་པ་འདིས་རྒྱ་ནག་གཞུང་དེ་དབང་ཆ་གཅིག་སྡུད་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་གཞུང་ཡིན་པ་ཁ་ཇེ་གསལ་ལ་གཏོང་བཞིན་འདུག བོད་ཀྱི་རིག་གནས་པའི་སྨྲ་བརྗོད་དང་བསམ་བློའི་རང་དབང་ལ་འབུར་འཇོམས་བྱེད་བཞིན་འདིས་དམར་ཤོག་གཞུང་གི་འོག་ཏུ་བོད་མི་བསམ་བློ་བ་འཐོན་དཀའ་བར་འགྱུར་རྒྱུ་རེད། བོད་པའི་སེམས་ཤུགས་ཀྱི་འབྱུང་ཁུངས་དང་མིག་དཔེ་ལྟ་སའི་བསམ་བློའི་སྣེ་ཁྲིད་པ་དེ་དག་རྩ་མེད་བཟོ་བཞིན་བོད་མིའི་སྨྲ་བརྗོད་དང་རྩོམ་རིག བསམ་བློ་བཅས་ལ་དོ་ཕོག་གཏོང་བ། བཙན་བྱོལ་བོད་མི་ཚོ་ལའང་བོད་མིའི་བསམ་བློ་ལ་རྒྱུས་ལོན་བྱེད་སྤྱད་ཀྱི་ཟམ་པ་ཆད་རྒྱུ་ཡིན་པ་བཅས་ཀྱི་འགོག་རྐྱེན་འཕྲད་ངེས་པ་རེད། དེའི་རྐྱེན་གྱིས་གལ་ཏེ་བོད་གཞིས་བཞུགས་རྒྱ་ཆེའི་མི་མང་དེ་དོན་གྱི་བདག་པོ་ཡིན་པར་བརྗོད་བཞིན་པ་བདེན་པ་ཡིན་ཚེ། བོད་ནང་གི་ཤེས་ཡོན་ཅན་དང་བསམ་བློ་བར་དཀའ་ངལ་འཕྲད་བཞིན་པར་བཙན་བྱོལ་གཞུང་མང་གཉིས་ཀས་ཐུགས་སྣང་གནང་དགོས་པ་དེ་བས་ཀྱང་གལ་གནད་ཆེ་ཞེས་གསུངས་སོང་།།

XS
SM
MD
LG