ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱིས་རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ས་ཐིག་ལ་འཛིན་པའི་ལངས་ཕྱོགས།


ཉེ་ཆར་རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་ནང་ལ་མཁའ་དབྱིང་སྲུང་སྐྱོབ་ཀྱི་ས་ཐིག་གསར་པ་ཞིག་འཐེན་པ་དང་། མཁའ་དབྱིངས་ས་ཐིག་དེའི་བར་སྣང་བརྒྱུད་ནས་འཕུར་སྐྱོད་བྱེད་པའི་རྒྱལ་སྤྱིའི་གནམ་གྲུ་ཁག་གིས་རྒྱ་ནག་ལ་ངེས་པར་དུ་སྔོན་བརྡ་གཏོང་དགོས། རྒྱ་ནག་ལ་སྔོན་བརྡ་མི་གཏོང་བའི་གནམ་གྲུ་དེ་ཚོར་རྒྱ་ནག་གི་གནམ་དམག་གིས་རྒོལ་རྡུང་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ནས་བཟུང་། ཨེ་ཤི་ཡའི་མཁའ་ལམ་ལས་ཁུངས་ཁག་ཅིག་གིས་རྒྱ་ནག་གི་བཙན་བཀའ་དེར་དང་ལེན་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་ལ་འཕུར་སྐྱོད་བྱེད་པའི་བྷོ་དབྱིང་༧༨༧་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ཚོར་འཕུར་ལམ་ཇེ་དོག་ཏུ་སོང་རུང་། ཕྱི་ཟླ་༡༢་ཚེས་༥་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། འཇིགས་སྐུལ་དང་རྒོལ་རྡུང་གི་སྡིགས་ར་དེ་ཚོར་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་རྒྱུ་མིན་པ་དང་། རྒྱ་གར་གྱི་ལངས་ཕྱོགས་དེ་ཧ་ཅང་གསལ་བོ་ཡིན། ང་ཚོས་ཨེ་ཤི་ཡའི་ཤར་ཕྱོགས་སུ་རྩོད་གཞི་ཡོད་པ་རྣམས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ཞི་བའི་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་། འཇིགས་སྐུལ་དང་རྒོལ་རྡུང་གི་སྡིགས་ར་དེ་ཚོར་རྒྱ་གར་གྱིས་ནམ་ཡང་རྒྱབ་སྐྱོར་བྱེད་རྒྱུ་མིན་པའི་ལངས་ཕྱོགས་བཟུང་ཡོད་ཅེས་བཤད་ཡོད་པ་རེད།།
XS
SM
MD
LG