ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་ལ་ཉིན་ལྟར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་ཡོང་གི་ཡོད་ཅིང་། ཁོ་ཚོས་མན་ཇུ་གོང་མའི་དམག་ཆས་སྤྲས་ནས་ཞིན་ཅང་གི་ཁ་ཆེའི་ལྷ་ཁང་དང་རྗེས་དྲན་ཁང་དེ་དག་གི་མདུན་དུ་འདྲ་པར་བླངས་ཏེ། ཞིན་ཅང་གི་ཡུ་གུར་མི་རིགས་ལ་རང་གི་ཐུན་མོང་མ་ཡིན་པའི་བཟོ་བཀོད་ལག་རྩལ་དང་རིག་གཞུང་མ་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་གི་ཡོད་པ་དེ་དག་ལ་ལྟ་ཡི་ཡོད་ཀྱང་། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཕལ་ཆེ་བས་དོ་སྣང་བྱེད་ས་གཙོ་བོ་ཞིག་ཁ་ཤི་སྒར་གྲོང་ཁྱེར་གྱི་ཨ་ཧྥུ་ཁ་ཧོ་ཅཱ་རྗེས་དྲན་ཁང་དུ་བང་སོ་བཅུ་ཕྲག་འགའ་ཞིག་ཡོད་པ་དེའི་ནང་གི་གཅིག་ཡིན་ཞིང་། རྒྱ་ནག་གི་ཡུལ་སྐོར་སྣེ་ཤན་པ་ཚོས་ལྷ་སྒྲུང་ལྟ་བུ་ཞིག་རྟོག་བཟོ་བྱས་པ་དེའི་བཤད་སྲོལ་ལྟར་ན། དུས་རབས་༡༧་ནང་དུ་ཨི་པར་ཧན་ཞེས་པའི་ཡུ་གུར་པའི་མཛེས་མ་ཞིག་བྱུང་བ་དང་། མཛེས་མ་དེའི་ལུས་དྲི་ཞིམ་པོ་རླུང་གིས་འཁྱེར་ནས་ལེ་དབར་༢༧༠༠་ལྷག་གི་ཕ་རོལ་དུ་ཡོད་པའི་མན་ཇུ་གོང་མ་ཆན་ལུང་གི་སྣ་ལམ་དུ་ཁྱབ་སྟེ། གོང་མ་ཆན་ལུང་གིས་མཛེས་མ་ཨི་པར་ཧན་པེ་ཅིང་གི་གོང་མའི་ཕོ་བྲང་དུ་གདན་འདྲེན་ཞུས་ནས་བཞུགས་པའམ། ཡང་ན་མན་ཇུ་གོང་མས་ཨི་པར་ཧན་དམག་འཁྲུག་གི་གཏའ་མར་བཙན་ཉར་བྱས་པ་ཞིག་ཡིན། མཐར་མཛེས་མ་ཨི་པར་ཧན་དང་གོང་མ་ཆན་ལུང་གཉིས་ཀྱི་བརྩེ་དུང་འབྲེལ་བ་ཆུ་དང་འོ་མ་བཞིན་ངོ་བོ་གཅིག་ཏུ་འདྲེས་ཏེ། ཨི་པར་ཧན་འདས་གྲོངས་སུ་གྱུར་པའི་རྗེས་སུ་མན་ཇུ་གོང་མས་མི་༡༢༠་ཐམ་པར་ཨི་པར་ཧན་གྱི་ཕུང་པོ་ཞིན་ཅང་ལ་ཞིན་ཅང་ལ་སྐྱེལ་དུ་བཅུག་པ་དང་། མོའི་ཕུང་པོ་ཨ་ཧྥུ་ཁ་ཧོ་ཅཱ་རྗེས་དྲན་ཁང་འདིར་དུར་སྦས་བྱས་ཡོད་ཅེས་གད་མོ་དགོད་ཞོར་ལ་འགྲེལ་བཤད་རྒྱག་གི་ཡོད་རུང་། ས་གནས་དེའི་ཡུ་གུར་པ་ཚོས་སྣེ་ཤན་པས་མི་གོ་སར་ཨི་ཕར་ཧན་གྱི་ལོ་རྒྱུས་དེ་སྐྱོ་གདུང་ཅན་གྱི་ལོ་རྒྱུས་ཤིག་ཡིན་པ་དང་། མོ་མན་ཇུ་གོང་མས་བཙན་ཁྲིད་བྱས་ནས་འཁྲིག་སྤྱོད་བྱ་ཡུལ་གྱི་བྲན་གཡོག་ལྟ་བུ་ཞིག་ལ་གྱུར་ཀྱང་ཨི་པར་ཧན་གྱིས་གོང་མ་ཆན་ལུང་གི་ཁ་ལ་མ་མཉན་པར་གོང་མའི་ཡུམ་གྱིས་ཨི་པར་ཧན་དམར་གསོད་བྱས་པ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་པ་མ་ཟད། ཡུ་གུར་པའི་ལོ་རྒྱུས་མཁས་པ་ཞིག་གིས་རྒྱ་ནག་གི་ཡུལ་སྐོར་སྣེ་ཤན་པ་ཚོས་བཤད་པའི་ལྷ་སྒྲུང་དེ་རྟོག་བཟོ་འབའ་ཞིག་ཡིན་པ་དང་། ཐ་ན་བང་སོ་འདི་ཨི་པར་ཧན་གྱི་དུར་ས་ཡང་མ་རེད་ཅེས་བཤད་འདུག གང་ལྟར་རྒྱ་ནག་གཞུང་གིས་ཨི་པར་ཧན་གྱི་ལོ་རྒྱུས་བརྒྱུད་ནས་ཞིན་ཅང་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG