ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་རྒྱག་ཐུབ་རྒྱུ་མིན་པ། 


ཐེ་ཝན་གྱི་སྲིད་འཛིན་གྱིས་དམག་སྦྱོང་ལ་གཟིགས་ཞིབ། ༢༠༢༠།༦།༢༢

༄༅།། ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་སྟེ་དྲག་གནོན་གྱི་བཅའ་ཁྲིམས་ཤིག་གཏན་ལ་ཕབ་ནས་ལག་ལེན་བསྟར། བོད་ཀྱི་མཐའ་མཚམས་ཁག་ཏུ་རྒྱ་ནག་གིས་རྒྱ་གར་ལ་འཁྲུག་རྩོད་བསླངས་ནས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་ཧྥི་ལི་ཕིན་དང་ཝྭི་ཏེ་ནམ་སོགས་ཁྱིམ་མཚེས་རྒྱལ་ཁབ་༧་ལ་ཐུབ་ཚོད་བྱས་ནས་མངའ་ཁོངས་རྒྱ་སྐྱེད་གཏོང་གི་ཡོད་པ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་ཉི་ཧོང་ལ་འཁྲུག་རྩོད་བསླངས་ནས་གླིང་ཕྲན་གསུམ་གྱི་བདག་དབང་བརྩད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་གི་གནམ་དམག་དང་མཚོ་དམག་གིས་སྐམ་མཚོ་གཉིས་ནས་ཐེ་ཝན་མཚོ་འགག་ལ་སྐོར་གཡེང་བྱས་ཏེ་ཐེ་ཝན་ལ་དམག་གི་དྲག་གནོན་བྱ་རྒྱུའི་སྡིགས་ར་བསྐུལ། དེང་སྐབས་རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་དམག་གྲུ་ཁག་མཚོ་ཐིག་བརྒལ་ནས་ཐེ་ཝན་གྱི་མཚོ་ཁོངས་སུ་སྐོར་གཡེང་དང་དཔུང་འཛུལ་བྱེད་ཀྱི་ཡོད་ཅིང་། ཉམས་ཞིབ་པ་ཁག་ཅིག་གིས་ཐེ་ཝན་གྱི་རང་བཙན་ཤོག་ཁག་གི་འགོ་ཁྲིད་ཚེ་དབྱིན་ཝེན་ལ་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་སྟེ་ལས་དུས་ཐེངས་གཉིས་པ་འགོ་ཚུགས་ཟིན་ཡོད་པ་རྒྱ་ནག་གིས་བཟོད་སྒོམ་བྱེད་མི་ཐུབ་པའི་ཚད་དེར་སླེབས་འདུག ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད་པ་བཅས་ལ་བལྟས་ནས་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་སྲིད་པའི་ཉེན་ཁ་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།
ཐེ་ཝན་དང་རྒྱ་ནག་གི་དམག་དོན་ཉམས་ཞིབ་པ་ཁག་ཅིག་གིས་མཚོ་འགག་ཕྱོགས་གཉིས་ལ་དམག་གི་སྟོབས་ཤུགས་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་པ་དང་རྒྱ་ནག་ལ་མི་འབོར་མང་བ། རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཡིན་པ་རྣམས་དོན་དངོས་རེད། འོན་ཀྱང་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གིས་རྟག་ཏུ་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་གཏོང་གི་ཡོད་པ་རྒྱ་ནག་མི་དམངས་ལ་དམིགས་པ་ཞིག་ཡིན་ཞིང་། ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་བརྒྱབ་ན་མཚོ་འགག་ཕྱོགས་གཉིས་ཀར་བློ་ཡུལ་དུ་ཤོང་དཀའ་བའི་ཕམ་གྱོང་རག་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་ནས་འཛམ་གླིང་གི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་མཚམས་ཆད་ནས་རྒྱལ་སྤྱིའི་ཚོང་ལས་ལ་དོ་ཕོག་ཆེན་པོ་ཞིག་འགྲོ་ཤས་ཆེ། དེ་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བཅད་ནས་ངོ་རྒོལ་བྱ་རྒྱུ་ཉག་ཅིག་རེད། ལྷག་པར་དུ་༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས། རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་དེ་ལ་བར་འགོག་བྱ་དགོས་ཞེས་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པ་རྣམས་གླེང་། ཨ་རིའི་སྲིད་དོན་ཚན་རིག་པ་པེའི་མིན་ཞིན་ཞེས་པ་ཞིག་གིས་རྒྱ་ནག་གིས་ཐེ་ཝན་ལ་དམག་རྒྱག་དགོས་ཀྱི་མི་འདུག རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཏུ་བཅུག་པ་དང་ཨ་མི་རི་ཀར་འབྲེལ་བ་སྡུག་ཏུ་བཏང་བ། རྒྱལ་སྤྱིའི་ཐོག་ཏུ་སྔོན་ནས་རྒྱ་ནག་ལ་སྡང་ཟུག་ཡོད་པ་རྣམས་མགོ་བོ་འཇོམས་མ་ཐུབ་པར་ཡུན་གནས་བྱུང་ན་རྒྱ་ནག་དམར་ཤོག་ཚོགས་པ་འཚོ་གནས་བྱེད་ཐུབ་རྒྱུ་ཁག་པོ་རེད། ཞིས་ཅིན་ཕིང་གིས་བསམ་བློ་གཟབ་ནན་ཞིག་མ་བཏང་བར་ཐེ་ཝན་ལ་དམག་བརྒྱབ་སྟེ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་གཏོར་བཤིག རྒྱ་ནག་གི་ལོ་རྒྱུས་སུ་ཞིས་ཅིན་ཕིང་གི་ནག་ཉེས་ལ་བརྩི་ཆོག་པའི་ལག་རྗེས་ཤིག་ནམ་ཡང་འཇོག་ཕོད་ཀྱི་མ་རེད་ཅེས་བཤད།།
ཉམས་ཞིབ་པ་ཕལ་མོ་ཆེས་རྒྱ་ནག་གི་དཔལ་འབྱོར་སྟོབས་དང་དམག་གི་སྟོབས་ཤུགས་ལ་བལྟས་ནས་རྒྱ་ནག་གིས་ཐེ་ཝན་དབང་དུ་བསྡུ་རྒྱུ་སྟབས་བདེ་ཞིག་ལ་རྩི་བཞིན་ཡོད་མོད། འོན་ཀྱང་༢༠༢༠་ལོ་འདིར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༦་དང་གྲངས་ཆུང་༨་ཉམས་ཆག་ཕྱིན་པ་དང་ལོ་འདིར་རྒྱ་ནག་ལ་ནད་ཡམས་དང་ཐན་པ། ཆུ་ལོག་བཅས་ཀྱི་གནོད་འཚེ་བྱུང་སྟེ་འབྲུ་རིགས་འདང་ངེས་མེད་པ། ༡༩༧༩་ལོར་རྒྱ་ནག་གིས་ཝྭི་ཏེ་ནམ་ལ་ཟླ་བ་གཅིག་ཡས་མས་ཤིག་གི་རིང་དུ་ས་མཚམས་ཀྱི་དམག་འཁྲུག་ཅིག་བརྒྱབ་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་གི་དམག་ལ་འཐབ་འཁྲུག་གི་ཉམས་མྱོང་མེད་པ། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ཁོངས་སུ་ཨ་ཧྥི་རི་ཀར་ཞི་བདེ་སྲུང་དམག་བཏང་བ་དེ་དག་གིས་ཁ་ཆེ་དྲག་སྤྱོད་པ་ཚོར་རྒོལ་སྣ་མ་བརྟན་པར་དམག་ས་ནས་བྲོལ་བྱོལ་དུ་ཕྱིན་ཏེ་ཞབས་འདྲེན་ཞུས་པའི་གནས་ཚུལ་ཁག་ཅིག་གསར་འགྱུར་ནང་དུ་ཐོན་ཞིང་། ད་དུང་རྒྱ་ནག་གི་མཚོན་ཆ་དང་དམག་དོན་ཡོ་བྱད་བཟོ་ཚོང་ལས་ཁང་ཁག་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་རྒྱ་ནག་གི་དམག་གི་རླངས་འཁོར་དང་ལྕགས་འཁྲབ་འཁོར་ལོ། མེ་སྒྱོགས་རྣམས་སྤུས་ཚད་ལོངས་མེད་པ། ཐེ་ཝན་ལ་ཨ་མི་རི་ཀ་དང་ཧྥ་རན་སི་སོགས་ནས་ནང་འདྲེན་བྱས་པའི་འཐབ་འཛིང་གནམ་གྲུ་དང་དམག་གྲུ་སོགས་དེང་རབས་ཅན་གྱི་མཚོན་ཆ་རྩེ་ཕུད་རྣམས་ཡོད་པ། ཐེ་ཝན་གྱི་དམག་གིས་རྒྱ་ནག་གི་བཙན་འཛུལ་འགོག་པའི་དམག་སྦྱོང་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་པ་དང་ཐེ་ཝན་གྱི་དམག་གི་འགོ་ཁྲིད་ཚོར་ཨ་མི་རི་ཀས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ། ཐེ་ཝན་གྱི་ཆགས་ཡུལ་དེ་ཉིད་ཨ་མི་རི་ཀ་དང་ཉི་ཧོང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ས་ཁམས་ཆབ་སྲིད་ལ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པས་ཨ་རི་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུ་དེར་བར་འགོག་མ་བྱས་པར་འཇོག་མི་སྲིད་ཅེས་རྒྱུ་མཚན་བགྲངས་འདུག
སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཐེ་ཝན་གཉིས་ཞི་བའི་གྲོས་མོལ་གྱི་ལམ་ནས་གཅིག་གྱུར་བྱ་རྒྱུ་ནི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད། མཚོ་འགག་ཕྱོགས་གཉིས་གཅིག་གྱུར་དང་འབྲེལ་བ་ཡག་ཏུ་འགྲོ་ཐུབ་ཀྱི་མེད་པའི་འགག་རྩ་རྒྱ་ནག་གི་འགོ་ཁྲིད་ཚོར་ཐུག་འདུག རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་ནས་ཡོད་པ་ཡིན་ན་ཐེ་ཝན་ལ་བསམ་བློ་གཏོང་ས་ཞིག་ཡོད། ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་ཡོད་པས་ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་རྒྱང་ཐག་རིང་དུ་བཏང་སོང་། རྒྱ་ནག་གཞུང་གིས་ཐེ་ཝན་སྐམ་ས་ཆེན་མོའི་ཞིང་ཆེན་ཞིག་ལ་བསྒྱུར་འདོད་ཡོད་པ་ཧ་ལམ་འགྲུབ་མི་ཐུབ་པའི་ཚད་དེར་སྐྱེལ་སོང་། ཞིས་ཅིན་ཕིང་གིས་རྒྱ་ནག་རྒྱལ་ཁབ་ཆེན་པོའི་སྟོབས་འབྱོར་མངའ་ཐང་སླར་གསོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དེའི་ཁོངས་སུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་མ་ཐུབ་པར་རྒྱ་ནག་རྒྱལ་ཁབ་ཆེན་པོའི་སྟོབས་འབྱོར་མངའ་ཐང་སླར་གསོ་བྱ་ཐབས་ཟད། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིང་། ཅང་ཙེ་མིན་དང་ཧུ་ཅིན་ཐའོ་བཅས་ཀྱིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་མ་བྱས་པ་དེར་རྒྱུ་མཚན་ཞིག་ཡོད། ཞིས་ཅིན་ཕིང་གིས་ཧོལ་རྒྱུག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་མཇུག་འབྲས་ཚབས་ཆེན་ཞིག་སྨིན་རྒྱུའི་ཉེན་ཁ་འདུག་ཅེས་དཔྱད་བརྗོད་སྤེལ་འདུག
ཉེ་ཆར་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་ཐེ་ཝན་ལ་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་གནད་འགག་ཆེན་པོ་ཡིན། ཐེ་ཝན་ནི་ཨ་མི་རི་ཀའི་མཐུན་གྲོགས་གལ་ཆེན་ཞིག་ལ་རྩི་བཞིན་ཡོད་ཅེས་བཤད། ཨ་རིའི་འཕྲོད་བསྟེན་དྲུང་ཆེས་ཐེ་ཝན་གྱི་དམངས་གཙོའི་ལམ་སྲོལ་ལ་བསྔགས་བརྗོད་དང་ཐེ་ཝན་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་བྱས་པའི་གྲུབ་འབྲས་ནི་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་གིས་ཐེ་ཝན་ལ་འཐབ་འཛིན་གནམ་གྲུ་གསར་པ་དང་འཕུར་མདེལ་གསར་པ་སོགས་ཨ་སྒོར་ཐེར་འབུམ་མང་པོའི་མཚོན་ཆ་བཙོང་རྒྱུ་ཐག་བཅད། ད་ལྟ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་མཚོན་ན་རླུང་རྟ་ཡར་དར་གྱི་དུས་སྐབས་ཤིག་ཡིན་པ་དང་ཞིས་ཅིན་ཕིང་ལ་མཚོན་ན་རླུང་རྟ་ཉམས་རྒུད་ཀྱི་དུས་ཤིག་ཡིན་པ་སྟེ། ཕྱོགས་གཅིག་ནས་རྒྱ་ནག་གིས་བཙན་དྲག་ཆེ་བའི་ཕྱི་འབྲེལ་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་མང་ཆེ་བར་འབྲེལ་བ་སྡུག་ཏུ་སོང་ཡོད་པ་རྣམས་སླར་གསོ་བྱ་ཐབས་སུ་འབད་དགོས་པ། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་སྡང་ཟུག་ཆེ་བ་རྣམས་འཇོམས་ཐབས་བྱ་དགོས། རྒྱ་ནག་གིས་ཨ་མི་རི་ཀར་ཚོང་དམག་བརྒྱབ་ནས་སྒོ་ཁྲལ་སྤར་བ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་རྒྱ་གར་སོགས་ལ་གནས་སྤོར་བྱེད་ཀྱི་ཡོད་པ་རྣམས་འགོག་ཐབས་བྱ་རྒྱུ། ཞིས་ཅིན་ཕིང་གིས་ཕྱི་ནང་གཉིས་ཀྱི་དཀའ་ངལ་མང་དག་ཅིག་སེལ་དགོས་པའི་སྟབས་ཀྱིས་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་ཉམས་ཞིབ་པ་ཚོས་བགྲོ་གླེང་བྱས་འདུག

XS
SM
MD
LG