ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ལོ་༢༠༡༡་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕྱི་ལོ་༢༠༢༠་ཡས་མས་སུ་ཨ་མི་རི་ཀའི་མཚོ་དམག་གི་སྟོབས་ཤུགས་བརྒྱ་ཆ་༦༠་ཐམ་པ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་འགྲེམ་འཇོག་བྱེད་དགོས་པ་དང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་ཞི་བདེ་བརྟན་ལྷིང་ཨ་མི་རི་ཀའི་བདེ་འཇགས་དང་དཔལ་འབྱོར་གོང་འཕེལ། ཨ་མི་རི་ཀའི་ཚོང་ལས་བཅས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་གཏམ་བཤད་བྱས་ནས་བཟུང་། ཨ་མི་རི་ཀས་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དམག་དང་དཔལ་འབྱོར། ཕྱི་འབྲེལ་སོགས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཁག་ལ་ཨ་མི་རི་ཀས་ཐེ་གཏོགས་བྱེད་རྒྱུ་འགོ་བཙུགས་ཤིང་། ཕྱི་ལོ་༢༠༡༣་འདིར་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཉི་ཧོང་། རྒྱ་ནག་དང་ལྷོ་ཀོ་རི་ཡ་གསུམ་ལ་གླིང་ཕྲན་འགའ་ཞིག་གི་བདག་དབང་ཐོག་ཏུ་འགལ་ཟླ་ཆེན་པོ་བྱུང་བ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུའང་རྒྱ་ནག་དང་ཧྥི་ལི་ཕིན། ཝིཏ་ནམ་དང་མ་ལེ་ཞི་ཡ། རྦུ་རུ་ཎེ་དང་ཐེ་ཝན་བཅས་ལ་གླིང་ཕྲན་འགའ་ཞིག་གི་བདག་དབང་ཐོག་ཏུ་རྩོད་གླེང་ཡོད་པའི་འགལ་ཟླ་ཇེ་ཆེར་སོང་བ་དང་། ལྷག་པར་དུ་ཧྥི་ལི་ཕིན་གྱིས་རྒྱ་ནག་གི་བཙན་དྲག་ལ་མགོ་མི་སྒུར་པའི་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་ཡོད་ལ། རྒྱ་གར་གྱིས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ལ་ཐེ་གཏོགས་བྱེད་རྒྱུ་འགོ་ཚུགས་པ་དང་། ད་དུང་རྒྱ་གར་དང་ཉི་ཧོང་གཉིས་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་སུ་འགྱུར་དགོས་པའི་གྲོས་མཐུན་བཞག་པའི་རྒྱུ་རྐྱེན་ཁག་ཅིག་རྒྱ་ནག་གི་དམག་གི་སྟོབས་ཤུགས་ཇེ་ཆེར་སོང་སྟེ། ཁོ་ཚོས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཕལ་ཆེ་བ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ས་ཐིག་འཐེན་པ་དང་། རྒྱ་ནག་གི་མཚོ་དམག་གིས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱ་ཁབ་ཁག་ལ་སྡིགས་ར་བསྐུལ་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་དེར་ཐུག་རུང་། ཕྱོགས་གཞན་ནས་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཧྥི་ལི་ཕིན་དང་ཝིཏ་ནམ། རྒྱ་གར་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དམག་གི་འབྲེལ་བ་ཡར་རྒྱས་གཏོང་བཞིན་པའི་སྲིད་ཇུས་ལ་ཡང་འབྲེལ་བ་ཆགས་ཡོད་པ་རེད།།
XS
SM
MD
LG