ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཁོར་ཡུག་སྲུང་སྐྱོབ་འགན་འཛིན་གྱིས་གནང་བ་ཞུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སི་ཀོ་ཊི་ཕུ་རུ་ཊིས་ཟླ་ཤས་རིང་དུ་ཨ་མི་རི་ཀའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་གྱི་ལས་ཁུར་བཞེས་པའི་རིང་དེར་མིའི་ཀུན་སྤྱོད་ལ་མི་མཐུན་པའི་བྱ་སྤྱོད་རིམ་པ་ཞིག་སྤེལ། དཔེར་ན་ཁོ་པས་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་ནང་དུ་ཨ་སྒོར་ཁྲི་ཚོ་༤་ལྷག་འགྲོ་གྲོན་བཏང་ནས་ཁ་པར་གཏོང་ས་ཁང་མིག་ཅིག་གསར་པ་བརྒྱབ་པ། ཁོ་པས་གཞུང་དོན་ལ་ཁ་གཡར་ནས་ཕྱི་རྒྱལ་ལ་འགྲུལ་སྐྱོད་བྱས་པ། ཁོ་པའི་ཆུང་མར་ཡན་ལག་མང་པོ་ཡོད་པའི་ཟ་ཁང་ཞིག་གི་ཚོང་ལས་ཀྱི་གོ་སྐབས་ཐོབ་ཐབས་བྱས་པ། ཁོ་པས་ཨ་མི་རི་ཀའི་རྡོ་སྣུམ་དང་རྡོ་སོལ། གཏེར་ཁ་སྔོག་འདོན་བཟོ་ཚོང་ལས་ཁང་ཁག་གི་ཁེ་ཕན་གཙིགས་སུ་བཟུང་སྟེ། སྲིད་འཛིན་ཨོ་བྷ་མའི་དུས་སུ་གཏན་འབེབས་བྱུང་བའི་ཨ་མི་རི་ཀའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་རྣམས་མེད་པར་བཏང་བ། རྡོ་སོལ་དང་རྡོ་སྣུམ། བཟོ་གྲྭ་དང་རླངས་འཁོར་སོགས་ཀྱི་དུ་བ་ནག་པོས་འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་ཆེ་རུ་གཏོང་གི་ཡོད་པ་དང་རང་བྱུང་ཁོར་ཡུག་འབག་བཙོག་བྱེད་ཀྱི་ཡོད་པ། འགྲོ་བ་མིའི་བྱེད་ལས་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གཉིས་ལ་འབྲེལ་བ་འདུག་ཟེར་པ་ཁུངས་སྐྱེལ་མི་ཐུབ་ཅེས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་འགལ་གྱི་སྲིད་ཇུས་སྣ་མང་ཞིག་ལག་ལེན་བསྟར། ཨ་རིའི་གྲོས་ཚོགས་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་ཨ་མི་རི་ཀའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་སི་ཀོ་ཊི་ཕུ་རུ་ཊི་ལ་ཀུན་སྤྱོད་འགལ་འཛོལ་ནག་ཉེས་དོན་ཚན་༡༤་ཙམ་གྱི་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཉེ་ཆར་ཨ་མི་རི་ཀའི་བུད་མེད་ཅིག་གིས་ཕྲུ་གུ་པང་དུ་བཟུང་ནས་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་ཕུ་རུ་ཊི་ལ་ཟ་ཁང་ཞིག་གི་ནང་དུ་ངོ་རྒོལ་བྱས་པ། དེང་སྐབས་ཨ་རིའི་སྤྱི་ཚོགས་སུ་སི་ཀོ་ཊི་ཕུ་རུ་ཊི་ལ་ཕྱོགས་ཡོངས་ནས་ངོ་རྒོལ་འབྱུང་གི་ཡོད་པས་ཕྱི་ཟླ་༧་ཚེས་༥་ཉིན་ཁོ་པས་རང་གི་ལས་གནས་ནས་གནང་བ་ཞུས་འདུག སྲིད་འཛིན་ཌོ་ནལ་ཊོམ་ལ་ཕུལ་བའི་དགོངས་ཤོག་ནང་དུ་ང་ལ་སྐུ་ཉིད་ཀྱི་སྲིད་གཞུང་གི་ཁོངས་སུ་སྲི་ཞུ་བསྒྲུབས་པའི་གོ་སྐབས་ཐོབ་པ་ནི་སྐལ་བ་བཟང་པོ་ཞིག་ཡིན། ཡིན་ནའང་ང་ལ་སྡང་ཟུག་དང་ངའི་བཟའ་མི་ཚོར་སྡང་ཟུག་བྱ་རྒྱུ་ཐལ་དྲགས་པའི་རྐྱེན་གྱིས་ངས་སྔར་བཞིན་སྲི་ཞུ་བསྒྲུབ་ཐུབ་ཐབས་མི་འདུག དེར་བརྟེན་ངས་བློ་ཕམ་གྱི་སྒོ་ནས་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་གྱི་ལས་གནས་ནས་གནང་བ་ཞུ་རྒྱུ་ཡིན་ཞེས་བཀོད། སི་ཀོ་ཊི་ཕུ་རུ་ཊིས་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་གྱི་ལས་ཁུར་བཞེས་པའི་རིང་དུ་ཀུན་སྤྱོད་ལ་འགལ་བའི་བྱ་སྤྱོད་ཅི་ཙམ་སྤེལ་རུང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྔར་བཞིན་སི་ཀོ་ཊི་ཕུ་རུ་ཊི་ལ་རྒྱབ་སྐྱོར་བྱས་ཡོད་པ་སྟེ། སྲིད་འཛིན་ཌོ་ནལ་ཊོམ་གྱིས་སི་ཀོ་ཊི་ཕུ་རུ་ཊིས་ལས་འགན་ཧ་ཅང་ཡག་པོ་བསྒྲུབས་སོང་། ངས་ཁོ་པར་གཏན་དུ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། སི་ཀོ་ཊི་ཕུ་རུ་ཊི་ལ་སྐྱོན་འཛུགས་སྣ་མང་ཞིག་བྱས་ཀྱང་ང་ལ་ཁྱད་པར་ཅི་ཡང་མེད། ངས་ཁོ་པར་མི་ཚེའི་མདུན་ལམ་བཟང་པོ་ཞིག་འཐོབ་རྒྱུའི་རེ་བ་འཆང་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཨ་རིའི་གྲོས་ཚོགས་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག ད་དུང་མི་དམངས་སྒེར་པ་བཅས་ཀྱིས་སི་ཀོ་ཊི་ཕུ་རུ་ཊིའི་འགྲོ་གྲོན་གཏོང་སྟངས་དང་ཨ་སྒོར་སྟོང་ཕྲག་མང་པོའི་ཁང་གླ་འབབ་པའི་རྒྱས་སྤྲོས་ཀྱི་ཁང་པ་ཞིག་ལ་ཉིན་རེར་ཁང་གླ་་ཨ་སྒོར་༥༠་རེ་སྤྲད་ནས་བསྡད་ཡོད་པ། ཁོ་པར་དགོས་མཁོ་མེད་པའི་བདེ་འཇགས་སྲུང་སྐྱོབ་པ་བསྐོ་བཞག་བྱས་པ་དང་རང་གི་ངོ་ཤེས་སོགས་ལ་གླ་ཕོགས་སྤར་པ་བཅས་ཀུན་སྤྱོད་འགལ་འཛོལ་གྱི་ནག་ཉེས་དོན་ཚན་༡༤་ཙམ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པར་མ་ཟད། སི་ཀོ་ཊི་ཕུ་རུ་ཊི་ལ་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་ལས་བྱེད་པ་རྣམས་ཡིད་ཆེས་བརླགས་པ། ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་ལས་སྣེ་གཉིས་ཀྱིས་ང་ཚོས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཊོས་ཊར་དྲྭ་ལམ་དུ་སི་ཀོ་ཊི་ཕུ་རུ་ཊི་རང་གི་ལས་གནས་ནས་གནང་བ་ཞུས་པ་རེད་ཅེས་ཁྱབ་བསྒྲགས་བྱས་པ་དེ་ནས་ཤེས་རྟོགས་བྱུང་། དོ་བདག་ལ་རང་གི་ལས་གནས་ནས་གནང་བ་ཞུ་འདོད་ཡོད་པ་གཏན་ནས་བཤད་མ་བྱུང་། གཅིག་བྱས་ན་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སི་ཀོ་ཊི་ཕུ་རུ་ཊི་གནས་དབྱུང་བཏང་བ་ཡིན་སྲིད་ཅེས་བཤད། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་ཀུན་སྤྱོད་གཙང་མ་མེད་པ་དང་རྩོད་གཞི་ཅན་གྱི་མི་དེ་འདྲ་ཞིག་ཟླ་བ་མང་པོར་སྲིད་གཞུང་གི་ཁོངས་སུ་ཉར་འཛིན་བྱས་པ་ཧང་སང་དགོས་པ་ཞིག་ཡིན་པ་སྟེ། ཐ་ན་སི་ཀོ་ཊི་ཕུ་རུ་ཊིས་སྲིད་འཛིན་ཌོ་ནལ་ཊོམ་ལ་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་འཇེབ་སེ་ཤེན་གནས་དབྱུང་ཐོངས། ཁོ་པ་འཇེབ་སེ་ཤེན་གྱི་ཚབ་དེར་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པར་བསྐོ་བཞག་བྱོས་ཞེས་རྒྱུད་སྐུལ་བྱས་ཡོད་ཚུལ་གསར་འགྱུར་སྤེལ། སི་ཀོ་ཊི་ཕུ་རུ་ཊིས་ཨ་མི་རི་ཀའི་རྡོ་སྣུམ་དང་གཏེར་ཁ། རྡོ་སོལ་སྔོག་འདོན་གྱི་བཟོ་ཚོང་ལས་ཁང་ཁག་གི་འབྲེལ་ཡོད་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་པ་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་ལ་གསང་བ་བྱས་ཏེ། ཨ་མི་རི་ཀའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་ནང་ཁུལ་གྱི་ལས་བྱེད་པ་དང་གསར་འགོད་པ་ཚོས་སི་ཀོ་ཊི་ཕུ་རུ་ཊིའི་ཁྲིམས་འགལ་བྱེད་ཀྱི་ཡོད་པ་རྣམས་ཐེར་འདོན་བྱས་འདུག

XS
SM
MD
LG