ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཤར་ཕྱོགས་ཁུལ་དུ་འགུལ་ཚད་5.8ཀྱི་ས་ཡོམ་བརྒྱབ་སྟེ་རྒྱལ་སར་གཡོ་འགུལ་ཐེབས་པ།


ས་འགུལ་རྗེས་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་མདུན་ངོས་སུ་ཡོད་པའི་ལས་བྱེད།

ཨ་རིའི་ཤར་ཕྱོགས་ཁུལ་དུ་འགུལ་ ཚད་5.8ཀྱི་ས་ཡོམ་བརྒྱབ་ཡོད་པ་དང་། ས་འགུལ་བྱུང་ཡུལ་གཙོ་བོ་ནི་ཝི་ཇི་ནི་ཡ་མངའ་སྡེའི་རྒྱལ་ས་རི་ཆི་མུ་གི་ནུབ་བྱང་ཁུལ་དུ་ཡིན་ཞིང་། རྒྱལ་ས་ཝ་ཤིང་ཌོན་དང་དེའི་ཉེ་ཁོར་ས་གནས་སུ་གཡོ་འགུལ་ཤུགས་ཆེན་བྱུང་ཡོད་པ་རེད། ད་ལྟའི་འཆར་རྒྱལ་ས་དང་དེའི་ཉེ་འགྲམ་ས་ཁུལ་དུ་རྨས་སྐྱོན་ཚབས་ཆེ་ཕོག་པའི་མི་སྣ་དང་འཛུགས་སྐྲུན་ལ་སྐྱོན་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་མེད།

ད་ཐེངས་ཀྱི་ས་ཡོམ་འདི་ཨ་རིའི་ཤར་ཕྱོགས་ཁུལ་གྱི་ཉིན་རྒྱབ་ཆུ་ཚོད་དང་པོ་དང་སྐར་མ་ལྔ་བཅུ་ ཙམ་ལ་བྱུང་ཞིང་། ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གི་ཐོག་བརྩེགས་ཁང་པའི་ནང་གཡོ་འགུལ་ཤུགས་ཆེན་ཚོར་ཡོད་པས། མི་ཚོ་གཅིག་རྗེས་གཉིས་མཐུད་ངང་ཕྱི་ལ་ཐོན་དགོས་བྱུང་ཡོད་ལ། རྒྱལ་སའི་ཁུལ་ གྱི་གཞུང་གི་ལས་ཁུངས་དང་ཚན་པ་ཁག་གི་ལས་བྱེད་ཚོ་ཡང་གཞུང་ལམ་གྱི་ས་སྟོང་ཐོག་སྐྱོད་དགོས་བྱུང་ཞིང་། དུས་ཡུན་རིང་པོ་མ་སོང་བར་སྔོན་ལ་ལས་མཚམས་བཞག་ཡོད་པ་རེད། ད་དུང་རྒྱལ་སའི་ནང་ཡོད་པའི་སྤྱི་གླིང་དང་ དྲན་གསོ་ཁང་། འགྲེམས་སྟོན་ཁང་ལ་སོགས་པ་ཚང་མ་སྒོ་སྔོན་ལ་བརྒྱབ་ཡོད།

ཨ་རིའི་ཤར་ཕྱོགས་ཁུལ་གྱི་ཉིན་རྒྱབ་ཆུ་ཚོད་དྲུག་པའི་གོང་ལ་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གི་ཐོག་བརྩེགས་ཁང་པར་སྐྱོན་ཆ་བྱུང་མེད་པ་གཏན་འཁེལ་བའི་རྗེས་ལས་བྱེད་ཚོར་དང་ཐོག་གི་ལས་ཀའི་འཆར་གཞི་བཞིན་རང་རང་སོ་སོའི་ལས་གནས་ཐོག་ཡོང་དགོས་པའི་བརྡ་ཐོ་བཏང་ཡོད།

གཞུང་ཕྱོགས་ནས་འབྲེལ་ཡོད་པའི་མི་སྣ་མངགས་གཏོང་བྱས་ཏེ་ཐོག་བརྩེགས་ཁང་པ་དང་ཟམ་ཆེན་ཁག་ལ་སྐྱོན་ཆ་བྱུང་མིན་རྟགས་དཔྱད་བྱེད་པར་སྐྱོད་ཡོད་པ་རེད་ལ། ས་འགུལ་བྱུང་ཡུལ་ལྟེ་གནས་ས་ཆར་ཡོད་པའི་རྡུལ་ཕྲན་གྱི་གློག་ཁང་འདི་བཞིན་ལམ་སེང་སྒོ་བརྒྱབ་སྟེ་ཉེན་ཁ་མེད་པ་བརྗོད་ཡོད། འདི་ཁུལ་གྱི་དེ་མིན་ རྡུལ་ཕྲན་གློག་ཁང་ཁག་ད་ལྟ་མུ་མཐུད་བེད་སྤྱོད་བྱེད་བཞིན་ཡོད་འདུག

ས་འགུལ་བྱུང་བའི་སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་སྦ་མཱ་ཕོ་བྲང་དཀར་པོ་བཞུགས་མེད་པར་མས་སི་ཆུའུ་སི་མངའ་སྡེའི་ནང་གུང་གསེང་ལ་ཡོད་པ་དང་། ས་གནས་དེར་ཡང་གཡོ་འགུལ་ཕྲན་བུ་བྱུང་ཡོད།

ཨ་རིའི་རྒྱལ་སའི་ཁུལ་དུ་༡༨༩༧ ལོར་ས་ཡོམ་ཆེན་པོ་ཞིག་བྱུང་བའི་རྗེས་ད་ཐེངས་འགུལ་ཤུགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག

XS
SM
MD
LG