ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

གྲོང་ཁྱེར་སྤྱི་ཁྱབ་ཚོར་གཅིག་འགྱུར་གྱི་འདུ་ཤེས་དགོས་པའི་ལམ་སྟོན།


༄༅།། འཛམ་གླིང་གི་གྲོང་ཁྱེར་མཉམ་འབྲེལ་སྤྱི་ཁྱབ་འབྲེལ་མཐུད་ཁང་དང་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཚོགས་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་རྒྱལ་ཁབ་༡༩་ནས་ལྷན་ཞུགས་གནང་བའི་གྲོང་ཁྱེར་སྤྱི་ཁྱབ་༧༤་ལ་སེམས་པ་བཟང་པོ་དང་བྱམས་བརྩེ་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་བསྐྱེད་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཏུ་གསུང་གླེང་གནང་ཡོད་ཅིང་། འཐབ་ཇུས་ལྡན་པའི་གྲོས་མོལ་བསྟི་གནས་ཁང་གི་འགན་འཛིན་ས་ཤ་ཧབ་ལིཀ་གིས་བསྟི་གནས་ཁང་དེའི་ལས་དོན་སྙན་སེང་ཞུས་ཏེ་འདས་པའི་ལོ་དེར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཅི་བྱུང་། མང་ཚོགས་ལ་དྲྭ་ལམ་བརྒྱུད་ནས་དཀྲོག་གཏམ་སྣ་ཚོགས་ཤིག་ཁྱབ་སྟེ་སྤྱི་ཚོགས་སུ་ནང་འཁྲུག་ལངས་པ། བསམ་ཚུལ་མི་མཐུན་པ་ཚོ་ཕྱོགས་ལྷུང་གི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་དུས་འདིར་ས་གནས་སོ་སོའི་འགོ་ཁྲིད་ཚོར་སྤྱི་ཚོགས་སུ་ཞི་བདེ་དང་ལྷིང་འཇགས་བསྐྲུན་རྒྱུར་འབད་འབུངས་བྱ་དགོས་པའི་ལས་འགན་འཕར་མ་ཞིག་འདུག དེས་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་གནང་རྒྱུ་ནི་དུས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་འདུག་ཅེས་ཞུས་ཡོད་པ་རེད།།

ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་གཙོ་སྟེ། ལུ་ཝི་ཝྭིལ་གྲོང་ཁྱེར་གྱི་སྤྱི་ཁྱབ་གྷེ་རཱེག་ཧྥི་ཤཱེར་གྱིས་འཛམ་གླིང་གི་ས་ཕྱོགས་གང་སའི་གྲོང་ཁྱེར་སྤྱི་ཁྱབ་བཅུ་ལ་རང་རང་གི་ས་གནས་ཁག་ཏུ་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་སྤྲད། གྲོང་ཁྱེར་སྤྱི་ཁྱབ་པ་དེ་དག་གིས་ཉེ་བའི་ལོ་ཤས་ནས་ཨ་རིར་མི་རིགས་ནག་པོར་དབྱེ་འབྱེད་དང་མི་རིགས་ནག་པོའི་ཚོ་སྲོག་རྩ་ཆེན་ཡིན་ཞེས་ལས་འགུལ་ལངས། དེ་ལ་མི་རིགས་དཀར་པོ་མཆོག་འཛིན་པའི་ཤོག་ཁག་ཅིག་གིས་ངོ་རྒོལ་བྱས་ནས་མི་རིགས་འཐེན་འཁྱེར་གྱི་འགལ་ཟླ་ཆེ་རུ་ཕྱིན་ནས་སྤྱི་ཚོགས་ལ་བརྡབ་གསིག་ཇེ་ཆེར་འགྲོ་བཞིན་པ་རྣམས་དཔེ་རུ་བཀོད། ད་ལྟའི་དུས་འདིར་ཨ་རིས་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་བཅས་ལ་བསམ་ཚུལ་མ་མཐུན་པ་ཤུགས་ཆེ་རུ་འགྲོ་བཞིན་པར་བློ་འཚབ་ཆེན་པོ་འདུག དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་༧གོང་ས་མཆོག་གིས་ལམ་སྟོན་གནང་རོགས་ཞེས་ཞུས།།
༧གོང་ས་མཆོག་གིས་གང་ཉིད་དགུང་གྲངས་༨༦་ལ་ཕེབས་ཡོད། དུས་ཡུན་དེའི་རིང་ལ་འཛམ་གླིང་དམག་ཆེན་གཉིས་པ་སོགས་དམག་འཁྲུག་མང་པོ་ཞིག་གཟིགས་མྱོང་ཞིང་། སྔོན་མ་གཞི་རིམ་མང་ཚོགས་ལ་དམག་ཆེན་གསུམ་པ་དང་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གི་ཉེན་ཁ་འབྱུང་རྒྱུའི་བློ་འཚབ་བྱུང་བ་སོགས་ལུང་འདྲེན་གྱིས་འཛམ་གླིང་གི་དབུ་ཁྲིད་མང་ཆེ་བས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུ་དང་དགྲ་ཕྱོགས་ལ་གྲོས་མོལ་བྱས་ནས་དཀའ་ངལ་སེལ་ཐབས་བྱེད་བཞིན་པར་གཞིགས་ཚེ། ད་ལྟའི་ཆར་འཛམ་གླིང་གི་དབུ་ཁྲིད་ཚོ་ཞི་བདེ་དང་ལྷིང་འཇགས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱས་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་ཐོན་འདུག་ཅེས་བཀའ་ལན་གནང་ཞིང་། ད་དུང་གྲོང་ཁྱེར་སྤྱི་ཁྱབ་རྣམས་དང་དབུ་ཁྲིད་ཚོས་འགྲོ་བ་མི་ཐམས་ཅད་ལ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས། མཚམས་རེར་བསམ་ཚུལ་མི་མཐུན་པ་འབྱུང་སྲིད་ཀྱང་རྒྱ་ཆེ་ས་ནས་དགོངས་པ་བཞེས་དགོས་ཞེས་ལམ་སྟོན་གནང་འདུག

ད་ཐེངས་ཀྱི་གསུང་གླེང་སྐབས་སུ་དབུ་ཁྲིད་རྣམ་པས་བཀའ་འདྲི་ཞུས་པའི་ཁོངས་སུ་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཡོངས་ལ་བསམ་ཡུལ་ལས་འདས་པའི་དཀའ་སྡུག་ཚད་མེད་ཅིག་འཕྲད་དུ་འཇུག་གི་ཡོད་པར་གདོང་ལེན་བྱེད་ཕྱོགས་སོགས་ཡིན་འདུག དེ་ལ་༧གོང་ས་མཆོག་གིས་སྔ་ལོ་སྨན་པ་དང་ཚན་རིག་པ། སྨན་ཞབས་པ་བཅས་ཀྱིས་ནད་ཡམས་ཀྱི་མདུན་སར་རང་ཉིད་བློས་བཏང་ནས་གཞན་ཕན་གྱི་རླབས་ཆེན་སྲི་ཞུ་བསྒྲུབས་དང་སྒྲུབ་བཞིན་པར་བཀའ་དྲིན་བསམ་ཤེས་བྱ་དགོས། མང་ཚོགས་ལ་དཀྲོག་གཏམ་འདྲ་མིན་ཞིག་དཀྲོག་གི་ཡོད་པར་གྲོང་ཁྱེར་སྤྱི་ཁྱབ་རྣམས་དང་ཆེད་ལས་པ་ཚོས་གྲོས་སྡུར་མང་ཙམ་བྱ་དགོས། ཚན་རིག་པའི་ལམ་སྟོན་ལྟར་ཁ་རས་སོགས་ངེས་པར་དུ་གྱོན་དགོས། དབུ་ཁྲིད་ཚོས་དཀའ་སྡུག་ལ་གདོང་ལེན་བྱེད་པར་ཕན་ཚུན་གྲོས་སྡུར་གནང་རྒྱུ། སྤྱི་ལ་ཕན་པའི་བསམ་ཚུལ་བརྗེ་ལེན་གནང་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་གསུངས་འདུག
དེ་རིང་གི་གསུང་གླེང་སྐབས་སུ་༧གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་གསར་པས་རྒྱ་ནག་ལ་ཞི་འཇམ་ངང་དུ་འབྲེལ་བ་བསྐྱར་གསོ་གནང་ཐུབ་པའི་རེ་བ་ཡོད། རྒྱ་ནག་དང་རྒྱ་གར། རྒྱ་ནག་དང་ཨ་རི་བཅས་ལ་འགལ་ཟླ་མང་དག་ཅིག་ཡོད་པ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས། ཨ་རི་ནི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་པུ་དེ་ཡིན་པས་འཛམ་གླིང་སྤྱི་ལ་དམངས་གཙོ་རང་དབང། འདྲ་མཉམ་བཅས་ཀྱི་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་རྒྱུ་གལ་གནད་ཆེ་ཡིན་ཞེས་གསུངས། འཛམ་གླིང་གི་གྲོང་ཁྱེར་མཉམ་འབྲེལ་སྤྱི་ཁྱབ་འབྲེལ་མཐུད་ཁང་ནི་༢༠༡༥ ལོར་གསར་དུ་བཙུགས། ༢༠༡༨་ལོར་སྤྱི་ཁྱབ་འབྲེལ་མཐུད་ཁང་དེའི་འགན་འཛིན་༧གོང་ས་མཆོག་གི་དྲུང་དུ་བཅར་ནས་བྱམས་བརྩེ་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་བསྐྱེད་ཕྱོགས་སུ་ལམ་སྟོན་ཞུས། དེང་སྐབས་ཚོགས་པ་དེར་རྒྱལ་ཁབ་༡༥༠་ཐམ་པའི་གྲོང་ཁྱེར་གྱི་དབུ་ཁྲིད་ཚོ་མཉམ་ཞུགས་གནང་འདུག ཁོ་ཚོས་བྱམས་བརྩེ་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་བསྐྱེད་ཕྱོགས་རྣམས་རང་རང་གི་ས་གནས་ཁག་ཏུ་ལག་ལེན་བསྟར་འཆར་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG