ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཨུ་ཏར་ཁན་མངའ་སྡེར་ངལ་སེལ་ཞལ་འདེབས་སྩལ།


༄༅།། ཕྱི་ཟླ་གཉིས་པའི་ཚེས་༧་ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེའི་ཆ་མོ་ལི་རྫོང་ཁོངས་སུ་གློ་བུར་དུ་ཧི་མ་ལ་ཡའི་གངས་རི་ཞིག་གི་འཁྱག་རོམ་རྒྱ་ཆེན་པོ་ཞིག་ཉིལ་ཏེ་གཤམ་གྱི་ཆུ་མཛོད་ཅིག་གི་ཆུ་རགས་རྣམས་གས་འཐོར་སོང་ཞིང་། ལུང་གཤོང་དེར་ཆུ་ལོག་བརྒྱུགས་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་ཕོག ད་དུང་ཡང་ཁུལ་དེར་མྱུར་སྐྱོབ་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པར་མ་ཟད། དེ་རིང་ཕྱི་ཚེས་༡༠་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨུ་ཏར་ཁན་མངའ་སྡེའི་བློན་ཆེན་གྱི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་ཕྱག་བྲིས་ཤིག་སྩལ་གནང་སོང་ཞེས་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་འདུག

ཁོང་གིས་ཨུ་ཏར་ཁན་མངའ་སྡེར་རང་བྱུང་ཁམས་ཀྱི་གནོད་འཚེ་ཕོག་སྟེ་མི་མང་པོ་ཞིག་ལ་འཆི་སྐྱོན་དང་མི་༢༠༠་ཡས་མས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། རྒྱ་གར་དབུས་གཞུང་དང་ས་གནས་གཉིས་ཀས་དམག་མི་སོགས་བཏང་ནས་བྲག་ཕུག་ཆེ་ཁག་གཉིས་ཀྱི་ནང་དུ་བཀབ་ཡོད་པའི་མི་རྣམས་མྱུར་སྐྱོབ་བྱེད་ཀྱི་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མྱུར་སྐྱོབ་ལས་དོན་སྒྲུབ་བཞིན་པ་ཡོངས་ལ་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ཁང་བརྒྱུད་ནས་ངལ་སེལ་རོགས་དངུལ་ཡང་ཞལ་འདེབས་གནང་སོང་ཞེས་བཤད་ཡོད་པ་རེད།།

ད་ཐེངས་ཀྱི་རང་བྱུང་གནོད་འཚེ་བྱུང་ཡུལ་ནི་ཨུ་ཏར་ཁན་མངའ་སྡེའི་ཧིན་བོད་ས་མཚམས་ཀྱི་ས་གནས་ཤིག་ཡིན་ཞིང་། ཐོག་མར་༡༩༥༩་ལོར་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་མངའ་སྡེ་དེར་ལོ་གཅིག་ལྷག་བཞུགས་ཏེ་བྱེས་ཀྱི་བཞུགས་སྒར་དང་པོར་གྱུར། ད་དུང་མངའ་སྡེ་དེར་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཆེ་ཁག་མ་སུ་རི་བོད་ཁྱིམ་དང་མ་སུ་རི་གཏན་སློབ། ལྷག་པར་དུ་ཨུ་ཏར་ཁན་མངའ་སྡེའི་ནང་དུ་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་འགའ་ཞིག་ཡོད་པས་ཐེངས་འདིར་མངའ་སྡེ་དེའི་ས་མཚམས་སུ་རང་བྱུང་གི་གོད་ཆག་བྱུང་བར་བོད་པ་བཙན་བྱོལ་བ་ཚོས་དམིགས་བསལ་གྱི་སེམས་ཚོར་དྲག་པོ་ཞིག་མྱོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་བཞིན་ཡོད་པར་གཞིགས་ན། ད་ལྟའི་ཆར་མངའ་ཁུལ་དེར་ཆུ་མཛོད་འཛུགས་སྐྲུན་གཙོས་གློག་ཁང་དང་རྒྱ་ལམ་སོགས་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་གཉེར་བཞིན་ཡོད་པ་རེད། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་པ་དང་ས་གནས་ཡུལ་མི་ཚོས་འཛུགས་སྐྲུན་གྱི་ལས་གཞི་ཁག་གིས་རྐྱེན་པས་རང་བྱུང་གནོད་འཚེ་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་ངོ་རྒོལ་དང་སྐྱོན་བརྗོད། ས་གནས་དེར་ཕྱི་ལོ་༢༠༡༣་ལོར་ཆུ་ལོག་བརྒྱུགས་ནས་གནོད་འཚེ་ཆེན་པོ་ཞིག་ཕོག ཁུལ་དེའི་མང་ཚོགས་ཀྱི་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཚབས་ཆེན་ཞིག་ཐེབས་མྱོང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG