ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་འདིར་རྒྱ་གར་དུ་བོད་པ་༨༠་ལ་ནད་དུག་འགོས་པ།


༄༅།། ཕྱི་ཟླ་༤་པའི་ཚེས་༡༥་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་ཉིན་ཞག་གཅིག་གི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་མི་འབུམ་༢་ལྷག་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་ཏེ་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་རྒྱ་གར་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུའང་བདུན་ཕྲག་འདིར་མི་༨༠་ཐམ་པར་ཏོག་དབྱིབས་ནད་དུག་གསར་དུ་འགོས་འདུག བོད་པ་ཚོ་མི་ཚོགས་ཆེ་ས་དང་སྨན་ཁང་སོགས་ལ་བསྐྱོད་མི་དགོས་པ་གཙོ་འདོན་གནང་དགོས་ཞེས་ནན་བརྗོད་གནང་སོང་། དེང་སྐབས་རྒྱ་གར་ལ་ནད་ཡམས་ཐེངས་གཉིས་པ་ཁྱབ་ཀྱི་ཡོད་པ་དང་ངོ་བོ་འགྱུར་བའི་ནད་དུག་ཁྱབ་ཀྱི་ཡོད་པར་མ་ཟད། ནད་པའི་ཛ་དྲག་དང་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རྣམས་རྣམ་པ་འགྱུར་བའི་ནད་དུག་ལ་ཐད་ཀར་འབྲེལ་བ་འདུག རྒྱ་གར་གཞུང་གིས་མངའ་སྡེ་སོ་སོར་ཕྱི་དྲོ་དང་མཚན་འགྲུལ་བཀག་འགོག་བྱ་དགོས་པའི་བཀའ་རྒྱ་བཏང་རུང་གཙོ་བོ་ནད་དུག་སྔོན་འགོག་གི་ལམ་སྟོན་བཞི་ལ་གོམས་འདྲིས་དང་འགོག་ཁབ་རྒྱག་གང་ཐུབ་བྱེད་དགོས་ཞེས་ནན་སྐུལ་གནང་སོང་། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་འགོག་ཁབ་བསྐྱོན་མཁན་ཚོར་སྲོག་ལ་ཉེན་ཁ་ཆུང་བ་ཡོད་པ་ཤེས་དགོས་ཞེས་ནན་བརྗོད་བྱས་ཤིང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་གྱིས་བོད་པའི་གཞིས་སྒར་ཁག་ཏུ་ནད་པ་གསར་པ་ཇེ་མང་འགྲོ་བཞིན་པར་ཀུན་གྱིས་དོ་ཁུར་མཉམ་ལེན་ཞུ་རྒྱུ་གལ་ཆེན་ཡིན་ཞེས་འབོད་སྐུལ་ཞུས་སོང་།།

ཁ་སང་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་དུག་གི་ཛ་དྲག་ལ་གཞིགས་ནས་འཛིན་རིམ་བཅུ་གཉིས་ཀྱི་སློབ་གྲྭ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་པོ་ཕར་འགྱངས་བྱས་པ་ཡིན། འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཕྱིར་འཐེན་བྱས་པ་ཡིན་ཞེས་བསྒྲགས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེར་བོད་པའི་སློབ་གྲྭ་ཁག་གིས་ཐག་གཅོད་ཅི་ཞིག་བྱ་དགོས་ཞེས་དྲིས། ཁོང་གིས་གནད་དོན་དེ་སློབ་གྲྭ་སོ་སོས་ཐད་ཀར་ཐག་གཅོད་བྱ་དགོས་པ་ཞིག་རེད་ཅེས་ལན་འདེབས་གནང་བྱུང་། ད་ལྟའི་དུས་སུ་སློབ་གྲྭ་ཁག་ཏུ་སློབ་ཕྲུག་མང་པོ་ཞིག་འདུ་སྐོང་ཟིན་ཀྱང་འཛིན་གྲྭ་འཚོགས་མ་ཐུབ་པར་ལུས་ཡོད་ཅིང་། འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་པས་དེ་རིང་ཤེས་རིག་ལས་ཁུངས་ཀྱིས་འབྲེལ་ཡོད་ཁག་ལ་གྲོས་སྡུར་བྱས་ནས་སློབ་གྲྭ་སོ་སོར་ལམ་སྟོན་ཇི་ལྟར་བྱེད་དགོས་མིན་ཐག་གཅོད་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་རྒྱ་གར་དང་བལ་ཡུལ་ནས་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། ད་ལྟའི་བར་དུ་བོད་པ་༡༨༣༧་ལ་ནད་དུག་འགོས་པ་དང་མི་༡༦༤༨་དྲག་སྐྱེད། མི་༤༨་ལ་འཆི་སྐྱོན་བྱུང་བ་དང་སྨན་བཅོས་བྱེད་བཞིན་པའི་ནད་པ་༡༤༡་ཡོད། བོད་པའི་སྨན་ཁང་ཁག་གིས་བོད་པ་༡༣༧༠༧་ལ་སྨན་ཁབ་བསྐྱོན་ཐུབ་སོང་ཞེས་བཀྲལ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG