ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཤེས་ཡོན་ཅན་ཚོས་བོད་དོན་ལ་རྒྱབ་སྐྱོར


ཨ་མི་རི་ཀའི་ཧ་ཝར་ཊི་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་མཁས་པ་དབྱང་ཅན་ལིན་ཡི་འགོ་ཁྲིད་འོག ཡོ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀར་ཡོད་པའི་རྒྱ་ནག་གི་རང་དབང་རྩོམ་པ་པོ་དང་མཁས་པ། ཉམས་ཞིབ་པ་དང་ཆེད་ལས་པ་སོགས་ཤེས་ཡོན་ཅན་༢༠༠་ལྷག་གིས་བོད་ནང་ཁུལ་གྱི་གནས་སྟངས་སྤྱི་དང་། ལྷག་པར་དུ་རྔ་བ་རྫོང་དང་རྔ་བ་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་ཅན་ཞིག་ལ་གྱུར་ཡོད་པ་དེ་ལ་བློ་ཚབས་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་འཕྲལ་དུ་རྔ་བ་རྫོང་དང་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ལ་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་མིང་རྟགས་བསྡུ་ལེན་བྱས་པ་དང་། ཁོང་ཚོས་བོད་མི་མང་གིས་ཞི་བའི་ངོ་རྒོལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་ཅིང་། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་མིང་རྟགས་བཀོད་པའི་གདུང་སེམས་མཉམ་སྐྱེད་ཀྱི་སྙན་ཞུ་དེར་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་བཅས་པ་ཉམས་རྒུད་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ནི། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དེར་ཐུག་ཡོད་པ་དང་། འདས་པའི་ལོ་མང་ཞིག་ལ་རྒྱ་ནག་གཞུང་གིས་དྲག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དེས་བོད་པ་སྒེར་པ་ཚོས་ཀྱང་རང་གི་ཆོས་དང་རིག་གཞུང་ལ་མཐུན་པའི་ཉིན་རེའི་འཚོ་བ་ཞིག་རོལ་རྒྱུའང་དཀའ་ངལ་ཆེ་རུ་སོང་པ་དང་། བོད་པའི་གྲྭ་བཙུན་ཚོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་དགོས་པ་བོད་པ་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད་པ་མཚོན་ཐུབ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་གཉའ་གནོན་དང་དམ་དྲག བོད་པའི་གྲྭ་བཙུན་ཚོར་སྔར་དང་མི་འདྲ་བའི་དྲག་གནོན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་ཐལ་དྲགས་པ་དེར་ཐུག་ཡོད་པ་དང་། རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་ཡོད་པའི་དྲག་རྩུབ་ཀྱི་སྲིད་ཇུས་དེ་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཐུན་མོང་གི་སྙན་ཞུ་དེར་བཀོད་ཡོད་པ་རེད།


XS
SM
MD
LG