ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཨ་རིའི་མ་རྐང་ཁྲོམ་རར་འགོག་འཆར། 


༄༅།། དེང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལ་ཆབ་སྲིད་དང་ཚོང་ལས། དམག་དོན་སོགས་ཀྱི་འགལ་ཟླ་སྣ་ཞིག་ཡོད་པ་དེའི་གྲས་ཀྱི་གཅིག་ནི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་མ་རྐང་ཁྲོམ་རར་ཨ་སྒོར་ཁྲག་ཁྲིག་མང་པོ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་དེར་ཐུག་ཡོད་ཅིང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་ཚོང་ལས་བདེ་འཇགས་ཀྱི་ཁྲིམས་ལ་འགལ་འཛོལ་བྱས་ནས་ཚོང་ལས་གཉེར་གྱི་ཡོད་པ་འགོག་ཐབས་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་འདུག དེ་ཡང་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་གྲོས་ཆོད་ཅིག་བཞག གྲོས་ཚོགས་འོག་མའི་གྲོས་ཆོད་དེར་ཨ་རིའི་གྲོས་ཚོགས་གོང་མས་མོས་མཐུན་གྱི་གྲོས་ཆོད་བཞག་ཟིན་ཡོད་པས་མྱུར་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཕུལ་ནས་མཚན་རྟགས་འགོད་དུ་འཇུག་རྒྱུ་ཡིན་ཞིང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཨ་རིའི་མ་རྐང་ཁྲོམ་རར་བཀག་འགོག་བྱ་དགོས་པའི་ཁྲིམས་ཡིག་འདི་༢༠༡༩་ལོར་ལུ་ཝི་སི་ཡ་ན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་ཇཱོན་ཁེ་ནེ་ཌི་དང་ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་མཚམས་སྦྱོར་བྱས་པའི་ཁྲིམས་གཞི་ཞིག་ཡིན་པ་སྟེ། ཁྲིམས་ཡིག་དེར་ཨ་མི་རི་ཀའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་ཚོང་ལས་བདེ་འཇགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས་ཞེས་བཀོད། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཕལ་ཆེ་བས་ཨ་རིའི་ཚོང་ལས་བདེ་འཇགས་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་ཁྲིམས་དེར་འགལ་འཛོལ་བྱེད་ཀྱི་ཡོད་པ་རེད།།

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ལས་དོན་ཚོགས་ཆུང་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ད་ལྟ་ཨ་མི་རི་ཀའི་མ་རྐང་ཁྲོམ་རར་རྒྱ་ནག་གི་བཟོ་ཚོང་ལས་ཁང་༢༡༧་གྱིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་འདུག རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་ཁྱོན་བསྡོམས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༢་དང་གྲངས་ཆུང་༢་ཀྱི་མ་རྩའི་རྐང་གྲངས་ཉོས་འདུག་ཅེས་བསྟན། ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་གྲོས་ཆོད་དེར་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་མ་རྩའི་འབྱུང་ཁུངས་རྣམས་གསལ་སྟོན་དང་བཟོ་ཚོང་ལས་ཁང་དེ་དག་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་མེད། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མིའི་གྲས་སུ་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་མེད་གསལ་བཀྲོལ་བྱ་དགོས་པའི་ཆ་རྐྱེན་བཀོད་འདུག གལ་སྲིད་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་ཨ་མི་རི་ཀའི་ཚོང་ལས་བདེ་འཇགས་ཀྱི་ཁྲིམས་ལ་བརྩི་སྲུང་མ་བྱས་པར་ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་འགོག་རྐྱེན་འཕྲད་ཚེ། ཨ་མི་རི་ཀའི་མ་རྐང་ཁྲོམ་རར་ཚོང་འབྲེལ་བཙུགས་ཡོད་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མ་རྐང་ཁྲོམ་རར་ཡང་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་དེར་འགོག་རྐྱེན་འཕྲད་སྲིད་པའི་ཉེན་ཁ་ཆེ། ཨ་མི་རི་ཀའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཆེ་ཤོས་ནི་ཨ་ལི་བྷ་བྷ་བཟོ་ཚོང་ཁང་ཡིན་ཞིང་། ༢༠༡༤་ནས་ཨ་ལི་བྷ་བྷ་བཟོ་ཚོང་ལས་ཁང་གིས་ཨ་རིའི་ནེའུ་ཡོཀ་མ་རྐང་ཁྲོམ་རར་མ་རྩ་བཙུགས་ཏེ་ཚོང་ལས་གཉེར་ནས་ཨ་སྒོར་དུང་ཕྱུར་༢༥༠་ཐམ་པ་འདུ་འགོད་ཐུབ་འདུག ཨ་རིའི་གྲོས་ཚོགས་གོང་འོག་གི་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེར་སྲིད་འཛིན་ཊམ་གྱིས་མཚན་རྟགས་བཀོད་པའི་རྗེས་སུ་ཨ་རིའི་ཚོང་ལས་བདེ་འཇགས་ལྷན་ཁང་གིས་འཕྲལ་དུ་བཅའ་ཁྲིམས་དེའི་འབྲུ་དོན་ཁག་ལག་ལེན་བསྟར་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁག་གིས་ཨ་རིའི་མ་རྐང་ཁྲོམ་རར་ཚོང་ལས་གཉེར་གྱི་ཡོད་པ་བཀག་འགོག་བྱེད་པའམ། ཡང་ན་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་དག་ལ་ཞིབ་འཇུག་བྱ་རྒྱུ། ཨ་རིའི་ཞིབ་འཇུག་གི་ཁྲིམས་ལ་མོས་མཐུན་མེད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་མ་རྐང་ཁྲོམ་ར་ནས་ཕྱིར་ཕུད་བྱ་རྒྱུའི་བཅའ་ཁྲིམས་ལག་ལེན་བསྟར་འཆར་ཡོད་པ་རེད།།

ཨ་རིའི་སྲིད་འཛིན་དང་ནོར་སྲིད་དྲུང་ཆེ་སོགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་གྱི་སྲིད་ཇུས་བསྒྲགས་པ།
ཨ་རིའི་སྲིད་འཛིན་དང་ནོར་སྲིད་དྲུང་ཆེ་སོགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་གྱི་སྲིད་ཇུས་བསྒྲགས་པ།

ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ལག་བསྟར་བྱེད་ཀྱི་ཡོད་པའི་སྲིད་ཇུས་ཁག་ཅིག་ལ་འགྱུར་བ་གཏོང་རྒྱུ་ཡིན། འོན་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་ཚོང་ལས་ཀྱི་སྲིད་ཇུས་དང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རྣམས་གནས་སྐབས་རིང་རྒྱུན་འཁྱོངས་བྱ་རྒྱུ་ཡིན། སྲིད་འཛིན་ཊམ་གྱི་སྲིད་གཞུང་གི་ཨ་རིའི་ཚོང་དོན་སྐུ་ཚབ་རྣམས་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱིས་ཚོང་ལས་གྲོས་མཐུན་རིམ་པ་དང་པོར་མིང་རྟགས་བཀོད་ཡོད་པ་རྒྱ་ནག་གིས་ངེས་པར་དུ་ལག་ལེན་བསྟར་དགོས་ཞེས་ནན་བརྗོད་བྱས་འདུག དེར་བརྟེན་བྷ་ཌན་གྱི་གཞུང་གིས་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་མ་རྩའི་འབྱུང་ཁུངས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་སུ་ཡིན་མིན་རྩད་གཅོད་བྱེད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་ཐོན། ཨ་མི་རི་ཀའི་ཕྱི་སོ་འགོག་རྒོལ་ཁང་གི་འགན་འཛིན་གྱིས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་ལས་བྱེད་པ་དང་བྷ་ཌན་གྱི་སྲིད་གཞུང་རྩིས་ལེན་རུ་ཁག་གི་ལས་སྣེ་ཚོར་འབྲེལ་བ་བྱ་ཐབས་བྱེད་ཀྱི་འདུག ང་ཚོས་ཨ་མི་རི་ཀའི་སྲིད་གཞུང་གསར་པར་རྒྱ་ནག་གིས་ཨ་མི་རི་ཀའི་སྲིད་གཞུང་ལ་ཤུགས་རྐྱེན་ཐེབས་ཐབས་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་ཉེན་ཁ་རྣམས་ངོས་ཟིན་དུ་འཇུག་རྒྱུ་ནི་ལས་དོན་གལ་གནད་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་ཅེས་ཨ་རིའི་རྒྱལ་ཡོངས་གསང་བའི་ལྷན་ཁང་གི་འགན་འཛིན་ཝི་ལིམ་ཨེ་ཝྭ་ཎི་ཡ་ན་ཡིས་གྲོས་ཚོགས་འོག་མའི་འཐུས་མི་ཚོར་སྙན་སེང་ཞུས་འདུག ཨ་མི་རི་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རིའི་མ་རྐང་ཁྲོམ་རར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་བྱ་ཡུལ་དེ་དག་གི་གྲས་སུ་ཨ་ལི་བྷ་བྷ་དང་པིན་ཏུའུ་ཏུའུ། རྒྱ་ནག་གི་རྡོ་སྣུམ་བཟོ་ཚོང་ལས་ཁང་སོགས་གཞུང་སྒེར་གང་གི་བཟོ་ཚོང་ལས་ཁང་ཡིན་མིན་ཤེས་རྟོགས་མི་པ་དང་བཟོ་ཚོང་ལས་ཁང་དེ་རྣམས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྟངས་འཛིན་འོག་ཏུ་ཡོད་མེད་རྩད་གཅོད་དཀའ་བ། རྒྱ་ནག་གཞུང་གིས་མ་རྩ་བཙུགས་ནས་ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར། མི་མང་གི་བསམ་བློ་བཅས་པ་སྒྱུར་བཅོས་གཏོང་ཐུབ་པའི་བཟོ་ཚོང་ལས་ཁང་ཆེ་ཁག་རྣམས་དམིགས་འབེན་དུ་བཟུང་འདུག

ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་གི་དམག་གིས་གཉེར་འཛིན་བྱེད་བཞིན་པའི་ཞིན་ཅང་གི་སྲིན་བལ་འདེབས་ལས་བཟོ་ཚོང་ཁང་དེ་དག་གི་སྲིལ་བལ་དང་རས་ཆ་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་པའི་ཐག་གཅོད་དངོས་སུ་བྱུང་སྟེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་ས་མཚམས་དང་འགག་སྒོའི་སྲུང་སྐྱོབ་ཁང་ལ་ཞིན་ཅང་གི་སྲིན་བལ་རྣམས་ཨ་མི་རི་ཀའི་ས་ཐོག་ཏུ་སྐྱེལ་འདྲེན་བྱེད་དུའཇུག་མི་ཆོག་ཅེས་བཀའ་ཕབ། ༢༠༡༥་ལོར་རྒྱ་ནག་གི་སྲིན་བལ་གྱི་ཐོན་སྐྱེད་བརྒྱ་ཆ་༣༠་ཐམ་པ་ཞིང་ཅང་ནས་ཐོན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་འབུམ་ཕྲག་མང་པོ་ངལ་རྩོལ་བཙན་བཀོལ་བྱས་ནས་སྲིལ་བལ་འདེབས་ལས་བྱེད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཇཱོ་བྷ་ཌན་ལ་བཅར་འདྲི་ཞུས་པ་དེའི་སྐབས་སུ་ཨ་མི་རི་ཀས་རང་གི་མཐུན་གྲོགས་ཚོར་མཉམ་འབྲེལ་བྱས་ནས་རྒྱ་ནག་གིས་དྲང་སྙོམས་མིན་པའི་ཚོང་ལས་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་སྒྱུར་ཐབས་བྱ་རྒྱུ་ཡིན། རྒྱ་ནག་ལ་ཁ་གཏད་གཅོག་པའི་ཐབས་ཇུས་མཆོག་ཏུ་གྱུར་པ་ནི་ང་ཚོའི་མཐུན་གྲོགས་ཡིན་པའམ། མ་མཐར་ཡང་སྔོན་ཆད་ཨ་མི་རི་ཀའི་མཐུན་གྲོགས་སུ་གྱུར་པ་དེ་དག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་གཅིག་གྱུར་གྱི་ཚོང་ལས་སྲིད་ཇུས་ཤིག་འཛིན་དགོས་ཀྱི་འདུག་ཅེས་བཤད། ཕོལ་ཧེ་སི་ཊིང་སི་ཁྲིམས་དོན་ཚོང་ལས་ཁང་གི་ཟླ་གྲོགས་ཝུ་ཧྲ་ཨན་ཞེས་པའི་ཧོང་ཀོང་བ་ཞིག་གིས་ཀྱང་ཕྱི་ཟླ་དང་པོའི་ནང་དུ་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་གྱུར་པའི་རྗེས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཞིབ་འཇུག་བྱ་རྒྱུའི་སྲིད་ཇུས་རྒྱུན་འཁྱོངས་བྱ་ངེས་རེད། གལ་སྲིད་ཨ་རིའི་གྲོས་ཚོགས་གོང་འོག་གིས་གྲོས་ཆོད་བཞག་པའི་ཁྲིམས་ཡིག་དེར་སྲིད་འཛིན་ཊམ་གྱིས་མིང་རྟགས་བཀོད་ནས་རྒྱལ་ཁབ་ཀྱི་ཁྲིམས་ལ་གྱུར་ན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་རྟོག་ཞིབ་དང་ཞིབ་འཇུག རྒྱ་ནག་གི་བཟོ་ཚོང་ལས་ཁང་གིས་ཨ་མི་རི་ཀའི་ཞིབ་འཇུག་དང་རྟོག་ཞིབ་ལ་མོས་མཐུན་མ་བྱས་པར་ཚོང་ལས་གཉེར་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

ཨེ་སི་པན་དྲྭ་ལམ་ཞིབ་འཇུག་ཁང་གི་ཚོགས་འདུ་ཞིག་གི་ཐོག་ཏུ་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་རྒྱལ་ཡོངས་བདེ་འཇགས་ལས་སྣེ་གཙོ་བོ་ཇཱོན་ཌེ་མེར་སི་ཡིས་བཤད་པ་ལྟར་ན། ཨ་མི་རི་ཀས་རྒྱ་ནག་གི་ཚན་རིག་པ་དང་ཞིབ་འཇུག་པ། རྒྱ་ནག་གི་དགེ་རྒན་ཚོས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག སྨན་སྦྱོར་དང་བཅོས་སྒྲིག་རྣམ་དཔྱོད་སོགས་ཀྱི་རིག་གནས་གསར་པ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པར་དམ་དྲག་བྱ་རྒྱུ་འགོ་ཚུགས་ནས་བཟུང་། རྒྱ་ནག་ནས་ཨ་མི་རི་ཀར་ཆེད་སྦྱོང་དང་ཟབ་སྦྱོང་། ཞིབ་འཇུག་གི་སློབ་སྦྱོང་ལ་སླེབས་པའི་ཉམས་ཞིབ་པ་༡༠༠༠་ལྷག་རྒྱ་ནག་ལ་ཕྱིར་ལོག་བྱས་འདུག་ཅེས་བཤད། སྔ་ལོ་ནས་ཨ་མི་རི་ཀའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་དོགས་པ་བྱས་ནས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ལན་ཁག་དཀྲིས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཞིབ་འཇུག་བྱེད་དུ་འཇུག་གི་མེད། ཡིན་ནའང་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཞིབ་འཇུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་བའི་རྗེས་སུ་ལོ་འདིའི་མགོ་སྟོད་དེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་རང་གི་བཟོ་ཚོང་ལས་ཁང་ཁག་ལ་ཕྱིའི་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་ལྟར་ཞིབ་འཇུག་བྱེད་དུ་འཇུག་རྒྱུའི་རྣམ་འགྱུར་བསྟན། ད་ལོའི་ཕྱི་ཟླ་༥་པར་ཨ་རིའི་གྲོས་ཚོགས་གོང་མས་ཚོང་ལས་བདེ་འཇགས་ཀྱི་གྲོས་ཆོད་བཞག་པའི་རྗེས་སུ་ཨ་ལི་བྷ་བྷ་བཟོ་ཚོང་ལས་ཁང་མགྲིན་ཚབ་པས་ང་ཚོ་ཕྱི་གསལ་ནང་གསལ་ཡིན། ཨ་མི་རི་ཀའི་ཚོང་ལས་བདེ་འཇགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG