ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་ཚེས་༡༠་ཉིན་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་དང་སྐུ་ཚབ་ཚོགས་པ་ཞིག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་དུ་འབྱོར། ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་རྒྱ་ནག་དང་a་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའམ། ཡང་ན་འདས་པའི་ལོ་གཅིག་ལྷག་ལ་རྣ་ངར་ཇེ་ཆེར་སོང་བའི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་དཀའ་ངལ་རྣམས་སེལ་ཐུབ་པའི་རེ་བ་འཆང་གི་མེད་ཀྱང་ཁ་སང་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བ་ཚོས་དུས་ཡུན་ཆུ་ཚོད་༨་ལ་གྲོས་མོལ་བྱས་ཤིང་། ཁོ་ཚོ་ཕྱི་དྲོའི་ཆུ་ཚོད་༥་དང་ཕྱེད་ཀ་ཡས་མས་སུ་ཟ་ཁང་ལ་དགོང་ཟས་ཟ་རུ་ཕེབས་པའི་སྐབས་སུ་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ལིའུ་ཧེའི་གདོང་ལ་འཛུམ་མདངས་རྒྱས་པ་དང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འགོ་འཛུགས་ཡག་པོ་ཞིག་བྱུང་ཡོད་པའི་རྟགས་མཚན་མངོན། ཨ་རི་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོས་གུང་ཟས་མཉམ་དུ་མངགས་པ་དང་དགོང་ཟས་ལ་མཉམ་དུ་རོལ་པ་ནི་ཐེངས་དང་པོར་བྱུང་བའི་གནས་ཚུལ་ཞིག་མིན་ཞིང་། རྒྱ་ནག་གི་སྲོལ་རྒྱུན་ལ་བཟའ་བཏུང་མཉམ་དུ་རོལ་ནས་ཐུན་མོང་གི་རྨང་གཞི་ཞིག་ཚུགས་འཛུགས་དགོས། ཐུན་མོང་གི་རྨང་གཞིའི་ཐོག་ཏུ་ཕྱོགས་གཉིས་ཀྱི་དཀའ་ངལ་སེལ་དགོས་པའི་གོམས་གཤིས་ཤིག་ཡོད་པ་རེད།

ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཡག་པོ་ཡོང་གི་འདུག ཁོ་ཚོས་དོ་དགོང་འཕྱི་བོ་བར་དུ་གྲོས་མོལ་བྱ་རྒྱུ་དང་སང་ཉིན་སླར་ཡང་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ་རེད། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་གྲོས་མོལ་ཧ་ཅང་ཡག་པོ་ཡོང་གི་འདུག་ཅེས་མཱི་ཎི་སོ་ཊ་མངའ་སྡེར་འོས་འདེམས་ལས་འགུལ་སྤེལ་དུ་མ་ཕེབས་སྔོན་ལ་གསར་འགོད་པ་ཚོར་དེ་ལྟར་བཤད་འདུག ཨ་རི་དང་རྒྱ་ནག་གཉིས་ཀར་སྒོ་ཁྲལ་སྤར་རེས་དང་ཚོང་དམག་རྒྱུན་འཁྱོངས་བྱེད་འདོད་མེད་ཅིང་། གལ་སྲིད་ཝ་ཤིང་ཊོན་གྱི་ཚོང་དོན་གྲོས་མོལ་འདིར་གྲུབ་འབྲས་ཤིག་མ་ཐོན་ཚེ། ཕྱི་ཟླ་༡༠་པའི་ཚེས་༡༥་ནས་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རྒྱག་གི་ཡོད་པ་བརྒྱ་ཆ་༣༠་ལ་སྤར་རྒྱུ། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་དེ་མཚུངས་ཀྱིས་སྒོ་ཁྲལ་སྤར་སྣོན་བྱ་རྒྱུ་ཡིན་པས་གཟའ་ཕུར་བུའི་ཕྱི་དྲོར་གསར་འགོད་པ་ཚོས་ཨ་རིའི་ནོར་སྲིད་དྲུང་ཆེར་ཚོང་དོན་གྲོས་མོལ་ཇི་ལྟར་ཡོང་གི་འདུག་ཅེས་དྲིས། ནོར་སྲིད་དྲུང་ཆེ་མུ་ནེ་ཆིན་གྱིས་གསར་འགོད་པ་ཚོར་འཛུམ་ཞིག་བསྟན་ཡོད་པར་མ་ཟད། གཟའ་པ་སངས་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགོ་བ་ལིའུ་ཧེ་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་རེད།

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་བ་ཚོས་ཝ་ཤིང་ཊོན་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་མ་བྱས་གོང་དེར་ཨ་མི་རི་ཀས་རྒྱ་ནག་གི་སྡེ་ཚན་༢༨་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ། རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་རྣམས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་ལ་མཁོ་བའི་པར་ཆས་དང་བརྙན་མིག་བཟོ་སྐྲུན་བྱེད་མཁན་ཡིན་པའི་སྐྱོན་འཛུགས་ཕོག རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་༡་དང་ཕྱེད་ཀ་ཙམ་བཙོན་འཇུག་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ། ད་དུང་ཨ་མི་རི་ཀས་ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་གམ། ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་ཐག་བཅད། ཨ་རིའི་གྲོས་ཚོགས་གོང་འོག་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀས་ཨ་མི་རི་ཀས་ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་རྒྱབ་སྐྱོར་གྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་པའི་འོས་ཤོག་འཕེན་ཆོག་ཅེས་གྲོས་ཆོད་བཞག དེར་བརྟེན་ཉམས་ཞིབ་པ་ཚོར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགོག་རྐྱེན་སྣོན་མ་ཞིག་བྱུང་སོང་ཞེས་བླ་འཚབ་བྱུང་འདུག

རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་ང་ཚོ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་དུ་ཡོང་བ་ཡིན། ཨ་རི་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་ཡོང་ཐབས་དང་ཁྲོམ་ར་སྒོ་འབྱེད། མ་རྩ་འཛུགས་མཁན་ཚོར་སྲུང་སྐྱོབ་དང་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་ལེགས་སྐྱེས་འབུལ་རྒྱུ། རྒྱ་ནག་དང་ཨ་མི་རི་ཀར་མི་མཐུན་པའི་འགལ་ཟླ་ཡོད་པ་ཁག་ལ་གྲོས་བསྡུར་ལྷུག་པོ་བྱ་རྒྱུའི་འདོད་པ་ཡོད་ཅེས་ཞིན་ཧྭ་གསར་འགྱུར་ལས་ཁང་ལ་བཤད་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་འཕྲུལ་རིག་ལག་རྩལ་བཙན་འཕྲོག་གི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་ཨ་མི་རི་ཀའི་འབྲུ་རིགས་དང་འབྲོག་ལས་ཐོན་སྐྱེད་ནང་འདྲེན་བྱ་རྒྱུ་མང་དུ་གཏོང་དགོས་ཞེས་དགོས་འདུན་བཏོན། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གིས་ཨ་རིའི་ཞིང་འབྲོག་གི་ཐོན་སྐྱེད་རྣམས་ཕྱིར་ཚོང་བྱ་ཡུལ་མེད་པར་དཀའ་ངལ་ཆེན་པོ་འཕྲད། ༢༠༡༦་ནས་བཟུང་སྟེ་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་ལས་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས་པའི་ངར་སྐད་སྒྲོགས་རྒྱུ་འགོ་ཚུགས། ད་ལྟ་ཌོ་ནལ་ཊམ་གྱིས་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་འདེམས་སྔོན་ལ་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་གྲོས་མཐུན་གསར་པ་ཞིག་འཇོག་རྒྱུ། ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་སྔོན་ལ་ཕྱོགས་གཉིས་ཀྱི་ཚོང་དོན་དཀའ་ངལ་རྣམས་ཐག་གཅོད་བྱ་འདོད་མེད་པའི་དོགས་སློང་བྱེད་ཀྱི་ཡོད་ཅིང་། དེ་རིང་གཟའ་པ་སངས་འདིར་ཨ་རི་དང་རྒྱ་ནག ཧོང་ཀོང་། ཉི་ཧོང་དང་ཡུ་རོབ་སོགས་ཀྱི་མ་རྐང་ཁྲོམ་ར་རྣམས་ཡར་འཕར་ཏེ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་འཐོན་སྲིད་པའི་རེ་བ་འཆང་འདུག

XS
SM
MD
LG