ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གི་གྲོས་མཐུན་དང་ས་མཚམས་ཀྱི་རྩོད་གཞི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་དཀར་ནག་གི་འགོ་ཁྲིད་ཚོས་ཨ་སྒོར་དུང་ཕྱུར་༢༠༠་ཐམ་པའི་ཚོང་ལས་ཀྱི་གྲོས་མཐུན་ཁག་༡༢་ལ་མིང་རྟགས་བཀོད་ཀྱང་སྲིད་བློན་མཱོ་དིས་ཞིས་ཅིན་ཕིང་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་བའི་ཐོག་ཏུ་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་བར་ས་མཚམས་ལ་ཞི་བདེ་བསྐྲུན་རྒྱུ་གལ་འགངས་ཆེན་པོ་ཡིན་ཞེས་ནན་བརྗོད་བྱས་འདུག རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མགྲིན་ཚབ་པ་ཨཀ་པཱ་རུ་དིང་གིས་ཀྱང་ང་ཚོས་ས་མཚམས་ཀྱི་ཟིང་ཆ་ཁག་ལ་གྲོས་བསྡུར་བྱས་ཡོད། ཉེ་ཆར་བྱུང་བའི་ས་མཚམས་ཀྱི་ཟིང་ཆ་དེ་ལའང་གྲོས་མོལ་བྱས་པ་ཡིན། ང་ཚོས་མུ་མཐུད་དུ་ས་མཚམས་ཀྱི་ཟིང་ཆ་ཁག་ལ་གྲོས་མོལ་བྱ་ངེས་ཡིན་ཞེས་གསར་འགོད་པའི་དྲི་བ་ཞིག་ལ་ལན་བཏབ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་འཛམ་གླིང་གི་སྟོབས་འབྱོར་རྒྱས་བཞིན་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་འབྲེལ་དམ་ཟབ་བྱེད་ཀྱི་ཡོད་ཀྱང་ང་ཚོས་ད་དུང་ཡང་ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཅིག་བྱ་དགོས་ཀྱིན་འདུག ད་ཐེངས་ཀྱི་འཚམས་འདྲི་འདི་བརྒྱུད་ནས་ངས་རྒྱ་གར་གྱི་འགོ་ཁྲིད་ཚོར་མཉམ་འབྲེལ་བྱས་ཏེ། རྒྱ་དཀར་ནག་གི་འབྲེལ་བ་གཙིགས་སུ་འཛིན་ཐུབ་པ་དང་ང་ཚོའི་འཐབ་ཇུས་དང་མཉམ་འབྲེལ་གྱི་འབྲེལ་བ་ཞི་བདེ་དང་ཡར་རྒྱས་ཀྱི་ཚད་རིམ་མཐོ་རུ་གཏོང་ཐུབ་པའི་རེ་བ་འཆང་ཡོད་ཅེས་བཤད། ཨ་སྒོར་དུང་ཕྱུར་༢༠༠་ཐམ་པའི་ཚོང་ལས་གྲོས་མཐུན་ཁོངས་སུ་རྒྱ་གར་གྱི་མེ་འཁོར་རྙིང་གོག་དེ་རྣམས་བརྗེ་བོ་བརྒྱབ་སྟེ། དེང་སྐབས་རྒྱ་ནག་ལ་དར་ཁྱབ་སོང་བའི་མགྱོགས་མྱུར་མེ་འཁོར་དེ་རིགས་རྒྱ་གར་ལ་དར་ཁྱབ་གཏོང་རྒྱུ་དང་། རྒྱ་གར་གྱི་མེ་འཁོར་འགྲིམ་འགྲུལ་ལ་མཁོ་བའི་དེང་རབས་ཅན་གྱི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ། ཞིས་ཅིན་ཕིང་གིས་རྒྱ་གར་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཁོངས་སུ་ཞུགས་དགོས་པའི་མགྲོན་འབོད་བྱས་པ་དང་། ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་དེ་རྒྱ་ནག་གི་འགོ་ཁྲིད་འོག་ཨུ་རུ་སུ་དང་ཨུ་ཟི་བྷེ་ཀི་སི་ཐན་སོགས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གི་མཐུན་ཚོགས་ཡིན་ཞིང་། གཟའ་ཕུར་བུའི་ཉིན་རྒྱ་དཀར་ནག་གི་འགོ་ཁྲིད་ཚོས་ས་མཚམས་ཀྱི་འཁྲུག་རྩོད་འགོག་ཐབས་དང་ས་མཚམས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐབས་སུ་བཀའ་མོལ་ལྷུག་པོ་གནང་ཡོད་པ་སྟེ། སྲིད་བློན་མཱོ་དིས་རྒྱ་ནག་གི་མཐའ་སྲུང་དམག་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་བྱེད་ཀྱི་ཡོད་པའི་ང་ཚོའི་བློ་འཚབ་ཆེ་ཤོས་ཡིན་ཞེས་གླེང་། ཁོང་གིས་ང་ཚོའི་འབྲེལ་བ་དེ་ཞི་བདེ་དང་ས་མཚམས་ལ་ཞི་བདེ་ཡོད་པའི་འབྲེལ་བ་ཞིག་ཡིན་དགོས། གལ་སྲིད་དེ་ལྟར་བྱུང་ན་ང་ཚོའི་འབྲེལ་བ་དེ་དོན་སྙིང་ལྡན་པ་ཞིག་ལ་འགྱུར་ཐུབ། ང་ཚོས་མྱུར་དུ་ས་མཚམས་དབྱེ་འབྱེད་གསལ་བོ་ཞིག་བྱ་དགོས་ཞེས་ཞིས་ཅིན་ཕིང་ལ་ནན་བརྗོད་བྱས་པ་དང་། ཞིས་ཅིན་ཕིང་གིས་སྐབས་རེར་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ཏུ་ཟིང་ཆ་ཅུང་ཟད་རེ་ལང་གི་ཡོད་སྲིད། ཡིན་ནའང་ང་ལ་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་ཟིང་ཆ་དེ་དག་མགྱོགས་མྱུར་དང་ནུས་པ་ལྡན་པའི་སྒོ་ནས་ཞི་འཇགས་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་ས་མཚམས་ཀྱི་ཟིང་ཆ་དེ་དག་གནད་འགག་ཆུང་དུ་བཏང་འདུག བི་བི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་འགལ་ཟླ་གསར་པ་ཞིག་མིན། ཐོག་མར་༡༩༡༤་ལོར་རྒྱ་གར་ལ་དབང་སྒྱུར་བྱེད་མཁན་དབྱིན་ཇིའི་གཞུང་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་ཀྱིས་སིམ་ལར་ཆིངས་ཡིག་བཞག་སྟེ། མེཀ་མ་ཧོང་ས་ཐིག་དེ་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་གཏན་འབེབས་བྱས་ཀྱང་རྒྱ་ནག་གཞུང་གིས་དབྱིན་ཇི་དང་བོད་གཞུང་དགའ་ལྡན་ཕོ་བྲང་གིས་མིང་རྟགས་བཀོད་པའི་ཆིངས་ཡིག་དེར་ངོས་ལེན་བྱེད་ཀྱི་མེད་པ་དང་། ༡༩༥༩་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་པ་བཙན་བྱོལ་བ་ཚོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར། ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ། ད་བར་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་རྩོད་གཞི་ལ་གྲོས་མོལ་ལན་མང་བྱས་ཀྱང་ཐག་མ་ཆོད། ཉེ་དུས་ཤིག་ནས་རྒྱ་ནག་གི་མཐའ་སྲུང་དམག་རྒྱ་གར་གྱི་ལ་དྭགས་ཕྱོགས་དང་མོན་རྟ་དབང་ཕྱོགས་སུ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་ཅེས་གནས་ཚུལ་སྤེལ་ཡོད། གཟའ་ཕུར་བུའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་ལ་གསར་འགོད་པས་ཞིས་ཅིན་ཕིང་གི་རྒྱ་གར་གྱི་འཚམས་འདྲི་དེར་དགོངས་ཚུལ་ཅི་ཡོད་ཅེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་རྒྱ་གར་དམངས་གཙོ་ཡིན་པ་དང་གསར་འགོད་རང་དབང་ཡོད། རྒྱ་གར་ལ་ཁྲིམས་ཀྱིས་དབང་སྒྱུར་ལམ་ལུགས་ཤིག་དར་ཡོད་པ་བཅས་ལ་ཞིས་ཅིན་ཕིང་གིས་སློབ་སྦྱོང་བྱས་ན་དགེ་མཚན་ཡོད་ཅེས་གསུངས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་ལྡི་ལི་གསར་པར་ཆོས་ཕྱོགས་ཀྱི་མཛད་འཆར་ཆེན་པོ་ཞིག་གྲ་སྒྲིག་བྱས་ཡོད་པ་རྒྱ་གར་གཞུང་གིས་ཞིས་ཅིན་ཕིང་གི་འཚམས་འདྲི་མཇུག་མ་བསྒྲིལ་བར་དུ་ཕྱིར་འགྱངས་གནང་རོགས་ཞེས་རེ་བ་ཞུས་ཡོད་པ་རེད།།

XS
SM
MD
LG