ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དྲུག་བཞིའི་ལས་འགུལ་དང་ཨ་རི།


༄༅།། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལངས་ནས་ལོ་༣༠་འཁོར་བའི་དུས་དྲན་སྐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་ཡིན་པར་སྐྱོན་བརྗོད་དང་རྒྱ་ནག་གཞུང་གིས་ངེས་པར་དུ་༡༩༨༩་ལོའི་ཕྱི་ཟླ་༦་ཚེས་༤་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཅི་ཙམ་བསད་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཕྱིར་བསྒྲགས་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད། རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་དུས་སུ་སློབ་ཕྲུག་བསད་པ་དང་གར་སོང་ཆ་མེད་དུ་གྱུར་པའི་གྲངས་ཀ་གསལ་པོ་ཞིག་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་ནས་མུན་ནག་གི་ལོ་རྒྱུས་ཀྱི་ལེའུ་དེའི་དཀའ་སྡུག་མྱོང་བཞིན་པའི་རྒྱ་ནག་མི་མང་གི་སྡུག་བསྡལ་སེལ་དགོས། རྒྱ་ནག་གཞུང་གིས་རང་གི་ཁེ་ཕན་ལ་ཐུག་ན་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་རྒྱུ་དེར་ཐེ་ཚོམ་མི་འདུག དཔེར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་འདུག ཨ་མི་རི་ཀས་རྒྱ་ནག་དེ་འཛམ་གླིང་ཡོངས་ལ་མཉམ་འདྲེས་བྱ་རྒྱུ་ཤུགས་ཆེ་རུ་སོང་ན་རྒྱ་ནག་སྔར་ལས་གུ་ཡངས་ཅན་དང་སྔར་ལས་བཟོད་སྒོམ་ཅན་གྱི་སྤྱི་ཚོགས་ལ་འགྱུར་ཐུབ་རྒྱུའི་རེ་བ་འཆང་བའང་སྟོང་ཟད་དུ་གྱུར་སོང་ཞེས་བཤད་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་གཏམ་བཤད་དེ་རྒྱ་ནག་མི་དམངས་ལ་ཁྱད་གསོད་བྱས་པ་ཞིག་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེས་འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་འདུག ཁོང་གི་གཏམ་བཤད་དེ་ཕྱོགས་ལྷུང་དང་ཁེངས་རློམ་གྱི་རང་རྟགས་ཤིག་ཡིན་པ་དང་ང་ཚོས་སྔ་མོ་ནས་༡༩༨༩་ལོར་བྱུང་བའི་ཆབ་སྲིད་ཀྱི་དོན་རྐྱེན་དེར་ཐག་གཅོད་ཡང་དག་པ་ཞིག་བྱས་ཟིན་ཡོད། ད་ལྟའི་དུས་སྐབས་འདི་ནི་རྒྱ་ནག་གི་ལོ་རྒྱུས་སུ་ནམ་ཡང་བྱུང་མྱོང་མེད་པའི་སྐལ་བ་རྫོགས་ལྡན་གྱི་དུས་སྐབས་ཤིག་ཡིན། སུ་ཞིག་གིས་རྒྱ་ནག་ལ་མཐོང་ཆུང་དང་ཐུབ་ཚོད་བྱེད་ན་ཕམ་ཉེས་འགྲོ་རྒྱུ་ཉག་ཅིག་ཡིན་ཞེས་བཤད། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན་སྔོན་དེར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་དུ་ཚོགས་པའི་རྒྱལ་སྤྱིའི་བདེ་འཇགས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེང་ཧེ་ཡིས་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དྲག་གནོན་ལ་གླེང་སློང་བྱེད་ཡོད་ཅིང་། ཁོང་གིས་དོན་རྐྱེན་དེ་ཆབ་སྲིད་ཀྱི་ཟིང་ཆ་ཞིག་ཡིན་པ་དང་རྒྱ་ནག་དབུས་གཞུང་གིས་ཆབ་སྲིད་ཀྱི་ཟིང་འཁྲུག་དེ་འགོག་པར་དགོས་ངེས་ཀྱི་བྱ་ཐབས་རྣམས་ལག་ལེན་བསྟར་པ་ནི་ཡང་དག་པའི་སྲིད་ཇུས་ཤིག་ཡིན་ཞེས་རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པ་ཁས་ལེན་བྱས་ཡོད་པ་རེད།།

༡༩༨༩་ལོའི་ཕྱི་ཟླ་༤་པ་ནས་རྒྱ་ནག་གི་སློབ་ཕྲུག་དང་མི་མང་དཀྱུས་མ་བཅས་མི་ས་ཡ་༡་ལྷག་གནམ་བདེ་སྒོ་མོ་ཆེའི་ཐང་ལ་འདུས་ནས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་ལྟག་སྒོའི་ལམ་ལུགས་ལ་ངོ་རྒོལ། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་འདས་པོ་ཧུ་ཡའོ་པང་ལ་མྱ་ངན་གྱི་བྱེད་སྒོ་སྤེལ། དུས་ཡུན་བདུན་ཕྲག་༦་ལྷག་གི་ཞི་བའི་ངོ་རྒོལ་གྱི་རིང་དེར་རྒྱ་ནག་གི་སློབ་ཕྲུག་ཚོས་མི་དམངས་ལ་རང་དབང་དང་དམངས་གཙོ་དགོས། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་གཏོང་དགོས་ཞེས་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཞི་བའི་ངོ་རྒོལ་ཆེན་པོ་ཞིག་བྱས་པས་རྒྱ་ནག་གཞུང་གིས་དམག་དང་ལྕགས་འཁྲབ་འཁོར་ལོ་བཏང་ནས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱ་རྒྱུའི་ཐག་བཅད། ད་ལྟ་ལོ་༣༠་ཐམ་པའི་གཞུག་ཏུའང་རྒྱ་ནག་གཞུང་གིས་༡༩༨༩་ལོའི་ཕྱི་ཟླ་༦་ཚེས་༣་གྱི་དགོང་མོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཅི་ཙམ་བསད་པ་དང་མི་ཅི་ཙམ་ལ་རྨས་སྐྱོན་ཕོག་ཡོད་མེད། མི་ཅི་ཙམ་འཛིན་བཟུང་བྱས་མིན་སོགས་ཀྱི་གྲངས་ཀ་གསལ་པོ་ཞིག་གཏན་ནས་ཕྱིར་བསྒྲགས་བྱས་མེད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་སྐབས་དེར་ཉུང་མཐའ་ཡང་སློབ་ཕྲུག་བརྒྱ་ཕྲག་འགའ་ཞིག་ནས་སྟོང་ཕྲག་འགའ་ཞིག་བསད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

དེ་རིང་ཕྱི་ཟླ་༦་ཚེས་༤་ཉིན་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་མི་དམངས་བཅིངས་འགྲོལ་དམག་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱུང་སྟེ་ལོ་༣༠་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་སྟེ། ཧོང་ཀོང་དམིགས་བསལ་ས་ཁུལ་དུ་མི་༡༨༠༠༠༠་ཡས་མས་དགོང་མོའི་མར་མེའི་ཁྲོམ་སྐོར་ལ་མཉམ་ཞུགས་བྱས་པ་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཡང་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་གི་དྲུག་བཞིའི་རྗེས་དྲན་གྱི་ལས་འགུལ་ཞིག་ལ་མཉམ་ཞུགས་གནང་གི་ཡོད་ཅིང་། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགྱུར་ལས་ཁང་ཁག་གིས་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་གྱི་བརྙན་རིས་རྣམས་བསྐྱར་དུ་བསྟན་ནས་སློབ་ཕྲུག་གི་ལས་འགུལ་དེར་དྲན་གསོ། ད་ལྟའི་བར་དུ་འགྲེམ་སྤེལ་མ་བྱས་པའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་འདྲ་པར་གསར་པ་རྣམས་འགྲེམ་སྟོན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཕྱི་ཟླ་༦་པའི་ཚེས་༣་དགོང་མོར་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་དམར་གསོད་ཇི་ལྟར་བྱས་པ་དངོས་སུ་མཐོང་ཐོས་བྱུང་བའི་རྒྱ་ནག་གི་དམག་ཞབས་ཟུར་པ་ཞིག་གིས་ཀྱང་ལོ་༣༠་ཐམ་པར་སེམས་ལ་སྦས་པའི་མྱོང་ཚོར་རྣམས་གསར་འགོད་པར་བཤད་ནས་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།།

འོན་ཀྱང་རྒྱ་ནག་གཞུང་གིས་ཕྱི་ཟླ་༦་ཚེས་༤་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ལ་ཡོང་དུ་བཅུག་མེད་པ་དང་ལོ་འདིའི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན་སྔོན་ནས་པེ་ཅིང་དང་གྲོང་ཁྱེར་ཆེ་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་རྒྱ་ནག་གི་ཤེས་ཡོན་ཅན་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་རྣམས་ས་གནས་གཞན་ལ་རྒྱང་ཕུད་གཏོང་བའམ། ཡང་ན་ཁོ་ཚོ་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་པ་དང་མི་འགའ་ཞིག་ནི་ཟླ་ཤས་སྔོན་ནས་གར་སོང་ཆ་མེད་དུ་གྱུར་པ། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ལས་ཁང་ཁག་གིས་དྲུག་བཞིའི་དོན་རྐྱེན་ཞེས་སྐད་ཆ་ཚིག་གཅིག་ཀྱང་གླེང་སློང་མི་བྱེད་པ་དང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགྱུར་དང་དྲྭ་ལམ་གྱི་རྩོམ་ཡིག་ཁག་ལ་ཞིབ་བཤེར་བྱས་ནས་སྐད་འཕྲིན་དང་ཁ་པར། སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཡོད་དོ་ཅོག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་དྲུག་བཞི་ཞེས་འཚོལ་ཞིབ་བྱེད་མི་ཐུབ་པའི་བཀག་འགོག་བྱས་ཡོད་པར་མ་ཟད། རྒྱ་ནག་གི་མི་རབས་གསར་པ་ཕལ་ཆེ་བས་དྲུག་བཞིའི་ལས་འགུལ་ཤེས་རྟོགས་མི་ཐུབ་པ་དང་ཐོས་མྱོང་མེད་པ། ཐ་ན་རྒྱ་ནག་གི་འབྱོར་འབྲིང་མི་མང་རྣམས་ཀྱང་དཔལ་འབྱོར་ལ་མགོ་འཁོར་ནས་དྲུག་བཞིའི་དུས་དྲན་ལ་དོ་སྣང་མེད་པ། རྒྱ་ནག་གི་ཤེས་ཡོན་ཅན་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་རྣམས་སྤྱི་ཚོགས་ཀྱི་གྲས་སུ་མ་ཚུད་པར་ཁེར་རྐྱང་དུ་ལུས་ཡོད་པའི་གནས་སྟངས་ཤིག་ཏུ་གྱུར་འདུག

XS
SM
MD
LG