ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་ཟེར།


ད་ལོ་ཨ་མདོ་རྔ་བ་དང་ཁམས་རྟའུ། དཀར་མཛེས་ས་ཁུལ་དང་ཆབ་མདོ་རྐམ་དགོན་པའི་ཉེ་འཁོར་བཅས་བོད་ཀྱི་ས་གནས་ཁག་བཞི་ལ་བོད་པ་༡༢་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལེན་བསྟར་གྱི་ཡོད་པ་དེར་ངོ་རྒོལ་བྱས་རུང་། དེ་རིང་ཕྱི་ཟླ་༡༢་ཚེས་༣༠་ཉིན་རྒྱ་ནག་གི་གཞུང་གཉེར་དྲ་རྒྱའི་ནང་དུ་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆུན་གྱི་གཏམ་བཤད་བྱས་པ་ཤིག་དཔར་འགྲེམ་བྱས་པ་ལྟར་ན། བོད་པ་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པར་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་ཇི་ལྟར་བྱས་ཀྱང་། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་མི་སྲིད་པ་དང་། དེང་སྐབས་ཏཱ་ལའི་བླ་མས་འགོ་ཁྲིད་པའི་ཡུལ་འཁྱར་ཚོགས་པ་དེ་ཤོག་ཁག་གཉིས་སུ་ཆད་ཡོད་པ་དང་། ད་དུང་སླར་ཡང་བོད་པ་ཚོས་རང་ལུས་མེར་སྲེག་གི་གནས་ཚུལ་འབྱུང་སྲིད་ཀྱང་། རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་ཏཱ་ལའི་རུ་ཚོགས་ཀྱི་འཐབ་རྩོད་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་གཏོང་མི་སྲིད་པ་ཡིན། ཏཱ་ལའི་བླ་མའི་རྗེས་འབྲང་བ་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་པར་ན་གཞོན་གླེན་པ་ཁག་ཅིག་ལ་མགོ་སྐོར་བཏང་སྟེ། ཁོང་ཚོར་རང་ལུས་མེར་སྲེག་གཏོང་དུ་བཅུག་ཡོད་པ་དང་། ཆབ་སྲིད་ཀྱི་ཚོགས་པ་དང་སྒྲིག་འཛུགས་གང་ཞིག་གིས་སོ་སོའི་འཚོ་ཐབས་རྒྱུན་འཁྱོངས་བྱེད་པར་རང་གི་མི་དམངས་ལ་མགོ་སྐོར་བཏང་སྟེ། ཁོང་ཚོར་རང་ལུས་མེར་སྲེག་གཏོང་དུ་འཇུག་གི་ཡོད་པ་དེ་རྣམས་ཡུན་དུ་གཏན་སྲིད་དམ། རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་གྲོས་མོལ་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མེད་པ་ཡུལ་འཁྱར་སྲིད་གཞུང་གི་འགོ་ཁྲིད་ཚོས་འགོག་རྐྱེན་བརྒྱབ་ནས་བྱུང་བ་དང་། ང་ཚོས་ནམ་ཡང་བཙན་བྱོལ་བོད་གཞུང་ཟེར་པ་དེར་གྲོས་མོལ་དང་ངོས་ལེན་བྱེད་རྒྱུ་མིན་ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG