ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དམར་ཤོག་གི་ལྟ་བར་མི་མཐུན་པའི་དཔེ་དེབ་མེར་སྲེག


༄༅།། རྒྱ་ནག་གི་ཀན་སུའུ་ཞིང་ཆེན། ཀྲེན་ཡོན་རྫོང་གི་དཔེ་མཛོད་ཁང་དུ་ཉར་འཇོག་བྱེད་ཡོད་པའི་ལྟ་ལོག་གི་དཔེ་དེབ་སྟེ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་རྒྱབ་འགལ་དུ་སོང་བའི་དཔེ་དེབ་རྣམས་དཔེ་མཛོད་ཁང་གི་ལས་བྱེད་པ་ཚོས་མེར་སྲེག་བཏང་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་པ་སྟོན་ཐབས་བྱས་ཡོད་ཅིང་། ཀྲེན་ཡོན་རྫོང་གི་དཔེ་མཛོད་ཁང་དེའི་ལས་བྱེད་པ་ཚོས་དཔེ་དེབ་མེར་སྲེག་བཏང་བ་དེས་དུས་རབས་སྔོན་མའི་ལོ་རབས་༣༠་བའི་ནང་དུ་ན་ཛི་འཇར་མན་གཞུང་གིས་ཡ་ཧུ་དཱའི་ཆོས་ལུགས་དང་རིག་གཞུང་གི་དཔེ་དེབ་རྣམས་མེར་སྲེག་བཏང་སྟེ་འཇིའུ་མི་རིགས་ས་ཡ་༧་ལྷག་རྩ་མེད་བཏང་བ་དང་། རྒྱ་ནག་གི་རིག་གནས་གསར་བརྗེའི་དུས་སུ་རྙིང་པ་བཞིའི་དཔེ་དེབ་རྣམས་མེར་སྲེག་བཏང་བའི་སྐྱི་གཡའ་བའི་དུས་སྐབས་དེ་དག་བསྐྱར་དུ་དྲན་སྐུལ་ཐེབས། དེར་བརྟེན་རྒྱ་ནག་སླར་ཡང་ཆེས་མུན་ནག་དང་ཆེས་གདུག་རྩུབ་ཀྱི་དུས་སྐབས་དེར་ཕྱིར་ལོག་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ཤར།

ཕྱི་ཟླ་༡༢་པའི་ཚེས་༨་ཉིན་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཁག་གིས་གསར་འགྱུར་སྤེལ་བ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་ཀྲེན་ཡོན་རྫོང་གི་དཔེ་མཛོད་ཁང་དེའི་ལས་བྱེད་པ་ཚོས་ཁྲིམས་འགལ་གྱི་དཔེ་དེབ་དང་ཆོས་ལུགས་ཀྱི་དཔེ་དེབ། ལྟ་ལོག་གི་ཡིག་ཆ་རྣམས་མེད་པར་བཏང་ནས་རྒྱ་ནག་གི་དཔེ་མཛོད་ཁག་གིས་སྤྱི་ཡོངས་ཀྱི་ལྟ་བ་ཁྱབ་སྤེལ་གྱི་ལས་འགན་བསྒྲུབས་ཡོད། དཔེ་དེབ་མེར་སྲེག་གི་མཛད་སྒོ་དེར་ཤེས་ཡོན་དང་རིག་གཞུང་ལས་ཁུངས་ཁག་གི་འབྲེལ་ཡོད་ལས་སྣེ་ཚོ་མཉམ་ཞུགས་བྱས་ཡོད་ཅེས་བསྒྲགས། གསར་འགྱུར་དེའི་མཉམ་དུ་དཔེ་མཛོད་ཁང་གི་སྒོ་མདུན་དེར་ལས་བྱེད་པ་ཞིག་གིས་དཔེ་དེབ་ཁག་ཅིག་མེར་སྲེག་གཏོང་གི་ཡོད་པའི་འདྲ་པར་དང་དེའི་རྒྱབ་ལྗོངས་སུ་དམར་ཤོག་ཚོགས་པའི་ལྟ་བར་སློབ་སྦྱོང་དང་ཕྱོགས་ཡོངས་སུ་ཁྱབ་སྤེལ་གཏོང་རྒྱུ་རྩ་འཛིན་ཚུལ་བཞིན་བྱ་དགོས་ཞེས་འབོད་ཚིག་བཀོད་པའི་འཕྲེད་དར་ཞིག་བཀལ་ཡོད་པ་རྣམས་གསལ། འདི་ནི་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གིས་སློབ་གྲྭའི་དཔེ་མཛོད་ཁང་གི་སློབ་དེབ་དང་བསླབ་གཞིའི་བརྗོད་བྱ་ཁག་ལ་ཞིབ་འཇུག་བྱ་དགོས་ཞེས་བཀོད་ཁྱབ་བཏང་བར་དང་ལེན་བྱས་པ་ཞིག་མཚོན་ཐུབ། ད་ལོ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལངས་པའི་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་ཚོས་སློབ་གྲྭ་ཁག་གི་སློབ་དེབ་དང་སློབ་ཕྲུག་ལ་དམ་འཛིན་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དེའི་དགག་རྩ་ནི་དབྱིན་ཇིའི་མི་སེར་སྤེལ་དུ་ཡུལ་གྱུར་པའི་ས་གནས་དེར་རང་བཙན་གྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཤིག་ཡོད་པར་ཐུག་ཡོད་ཅེས་སྐྱོན་འཛུགས་བྱས་འདུག

ཁ་སྔོན་ཕྱི་ཟླ་༡༠་པ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་གྱུར་དང་བདག་དབང་ལ་གནོད་པ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བར་རྒྱབ་འགལ། ཆོས་ལུགས་དང་དྲིལ་བསྒྲགས་ངན་པའི་ཡིག་རིགས་ཁག་ལ་དོགས་ཟོན་བྱ་དགོས། སློབ་གྲྭ་ཁག་གི་སློབ་དེབ་དང་བསླབ་གཞིའི་བརྗོད་བྱ་ཁག་ལ་ཞིབ་འཇུག་བྱ་དགོས་ཞེས་བཀའ་བཏང་ནས་བཟུང་། རྒྱ་ནག་གི་ས་གནས་ཁག་ཅིག་གི་འགོ་ཁྲིད་ཚོས་གཞུང་གི་བཀའ་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བར་རྒྱབ་འགལ་གྱི་དཔེ་དེབ་དང་ཡིག་ཆ་སོགས་མེར་སྲེག་གཏོང་གི་ཡོད་མོད། རྒྱ་ནག་གཞུང་གིས་དམ་དྲག་ནན་པོ་བྱེད་བཞིན་པའི་གསར་འགྱུར་ལས་ཁང་ཁག་གིས་དཔེ་དེབ་མེར་སྲེག་གི་ལས་འགུལ་དེ་ཚད་ལས་བརྒལ་བ་ཞིག་ཡིན་པའི་རྣམ་འགྱུར་བསྟན་ཡོད་པ་སྟེ། རྒྱ་ནག་གི་ཁྲིམས་རྩོད་པ་གྲགས་ཅན་ཁྲེན་ཡུག་ཞཱི་ཟེར་པ་ཞིག་གིས་ཀྲེན་ཡོན་རྫོང་གི་དཔེ་དེབ་མེར་སྲེག་ནི་ནག་ཉེས་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་ཞིག་ཏུ་འགྱུར་སྲིད། འདི་ནི་རྒྱ་ནག་གི་རིག་གནས་གསར་བརྗེ་དང་གཅིག་མཚུངས་རེད་ཅེས་དཔེ་རུ་བཀོད། ༡༩༦༦་ནས་༧༦་བར་དུ་རྒྱ་ནག་ལ་ལོ་བཅུའི་རིག་གནས་གསར་བརྗེ་ལངས་ནས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་མ་རྩ་རིང་ལུགས་ཀྱི་ལྟ་བ་རྣམས་རྩ་མེད་གཏོང་བའི་ལས་འགུལ་ལངས། པེ་ཅིང་གསར་འགྱུར་གྱི་བསམ་ཚུལ་འདྲི་ས་དེར་མི་ཞིག་གིས་ཀྲེན་ཡོན་རྫོང་དུ་དཔེ་དེབ་མེར་སྲེག་བཏང་བར་ས་གནས་གཞུང་གིས་ཞིབ་འཇུག་བྱ་དགོས་ཞེས་མཆན་བྲིས་པ་རྣམས་གཞུང་གིས་ནག་སུབ་བཏང་འདུག

གཟའ་ཟླ་བའི་ཉིན་ཀྲེན་ཡོན་རྫོང་གི་ལས་སྣེ་ཚོས་ས་གནས་དེའི་གསར་འགོད་པ་ཚོར་དཔེ་མཛོད་ཁང་གིས་དཔེ་དེབ་མེར་སྲེག་བཏང་བའི་གནས་ཚུལ་བྱུང་འདུག་ཟེར་པར་ཞིབ་འཇུག་བྱ་རྩིས་ཡོད། སྤྱིར་མེར་སྲེག་གཏོང་དགོས་པའི་དཔེ་དེབ་དང་ཡིག་ཆ་སོགས་དཔེ་མཛོད་ཁང་དུ་ཉར་འཛིན་བྱ་རྒྱུ་མེད་པ་རེད་ཅེས་བཤད། ད་སྔ་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་ཀྲེན་ཡོན་རྫོང་གི་དཔེ་དེབ་མེར་སྲེག་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་པ་རྣམས་སྲིད་གཞུང་གིས་ནག་སུབ་བཏང་ནས་གཅིག་ཀྱང་རྙེད་དཀའ། པེ་ཅིང་དུ་གནས་འཁོད་ལོ་རྒྱུས་ཉམས་ཞིབ་པ་ཀྲང་ལི་ཧླན་ཞེས་པ་ཞིག་གིས་དཔེ་དེབ་མེར་སྲེག་གི་གནས་ཚུལ་ལ་བློ་འཚབ་བྱ་དགོས་པ་ཞིག་དང་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་འཇིགས་སྣང་གི་ཕྱིར་དྲན་ཞིག་བསླངས་སོང་། འདས་པའི་ལོ་༧་གྱི་རིང་ལ་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་གཏམ་བརྗོད་རང་དབང་མེད་པར་ནོན་སྡོམ་ཆེན་པོ་ཐེབས་ཡོད། མི་མང་རྣམས་ཁོང་ཁྲོ་ལང་གི་ཡོད་པ་འདིས་ཡུན་རིང་གི་དཀའ་ངལ་ཞིག་ཡོད་པ་གསལ་པོར་བསྟན་ཡོད། ས་གནས་ཁག་གི་འགོ་ཁྲིད་ཚོས་རང་ལ་ཆབ་སྲིད་ཀྱི་ཁེ་ཕན་འཐོབ་རྒྱུའི་ཆེད་དུ་གོ་སྐབས་དམ་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཀན་སུའུ་ཞིང་ཆེན་གྱི་ཁྲེན་ཡོན་རྫོང་ལ་མི་འབོར་༥༡༣༠༠༠་ཡོད་ཅིང་། རྫོང་དེ་རྒྱ་ནག་གི་ཆེས་དབུལ་ཕོངས་དང་རྗེས་ལུས་ཀྱི་ས་ཁུལ་ཞིག་ཡིན་རུང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་རྩ་འཛིན་དང་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ལ་ཚོར་སྐྱེན་རྣོ་བའི་ས་ཁུལ་ཞིག་ཡིན་པས་རྒྱ་ནག་གཞུང་གིས་གྲོང་གསེབ་ཀྱི་དབུལ་ཕོངས་གྲས་སུ་དཔའ་རྒོད་གསར་པ་རྙེད་པའི་ཐབས་སུ་འབད། རྒྱ་ཡིག་གི་མཆན་འབྲེལ་མང་པོ་ཞིག་གི་ནང་དུ་རྒྱ་ནག་གི་གོང་མ་དང་པོས་རང་གི་སྲིད་དབང་སྲ་བརྟན་གཏོང་བར་སྤྱི་ལོའི་སྔོན་གྱི་༢༢༡་ལོར་དཔེ་དེབ་མེར་སྲེག་དང་ཤེས་ཡོན་ཅན་རྣམས་གསོན་པོར་ས་འོག་ཏུ་སྦས་བ་རེད། ཀྲེན་ཡོན་རྫོང་གི་དཔེ་དེབ་མེར་སྲོག་ནི་དེ་དང་གཅིག་མཚུངས་རེད་ཅེས་མཆན་བཀོད། མི་འགའ་ཞིག་གིས་འཇར་མན་ན་ཛིའི་གཞུང་གིས་ཡ་ཧུ་དཱིའི་ཆོས་དཔེ་སོགས་མེར་སྲེག་བཏང་བ་དང་། ༡༩༥༨་ལོར་མའོ་ཙེ་ཏུང་གིས་༡༩༥༨་ལོའི་ཚོགས་འདུ་ཞིག་གི་ཐོག་ཏུ་རྩེད་མོ་དང་སྦྲགས་ནས་ཡོན་ཏན་ཅན་༤༦༠༠༠་རྩ་མེད་བཏང་བ་དང་ཆིན་གོང་མས་ཤེས་ཡོན་ཅན་༤༦༠་མེད་པར་བཏང་བ་རྣམས་གཤིབ་བསྡུར་བྱས་པ་ལུང་འདྲེན་གྱིས་ཀྲེན་ཡོན་རྫོང་གི་དཔེ་དེབ་མེར་སྲེག་ནི་དེ་དང་གཅིག་མཚུངས་རེད་ཅེས་མཚུངས་དཔེར་བཀོད། ཁ་སང་གཟའ་ཉི་མར་རྒྱ་ནག་གི་དྲྭ་ལམ་རྩོམ་པ་པོ་ཚོས་དུས་རབས་༡༩་པའི་ནང་དུ་རྒྱ་ནག་གི་སྙན་ངག་པ་ཞིག་གིས་གོང་མ་དང་པོས་ལེ་དབར་ཁྲིའི་ལྕགས་རི་བརྩིགས་པ་བརྟན་པོར་ལངས་འདུག་ཅེས་བྲིས་པ་ལུང་འདྲེན་བྱས་ནས་གང་སར་སྤེལ་ཡོད་པ་རེད།།

XS
SM
MD
LG