ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཝུའུ་དབྱིང་ཅེ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལ་བསྐོ་འཇོག་བྱས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཕྱི་ལོ་༢༠༡༦ཟླ་༨ཚེས་༢༩ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་གཙོ་ཁྲེན་ཆོན་ཀོ་ཡི་ཚབ་ཏུ་ཝུའུ་དབྱང་ཅེ་བསྐོ་འཇོག་བྱས་པ་དང་། དེའི་རྒྱབ་ལྗོངས་དང་མཚོན་དོན་སོགས་ཀྱི་ཐད་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་འགན་འཛིན་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།

རྒྱ་ནག་ཤིན་ཧྭ་གསར་འགྱུར་ཁང་གིས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཝུའུ་དབྱིང་ཅེ་བོད་རང་སྐྱོང་ལྗོངས་ཏང་ཨུད་དམ་དམར་ཤོག་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱས་པ་དང་། ཚོགས་གཙོ་ཁྲེན་ཆོན་གོ་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་གཙོར་བསྐོ་འཇོག་བྱས་འདུག ཀུན་དགའ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་གཅིག་ལྷག་གི་སྔོན་ནས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁོང་བརྗེ་བོ་རྒྱག་རྒྱུ་རེད་ཟེར་བའི་སྐད་ཆ་ཐོན་ཡོད་པ་དང་། འགོ་ཁྲིད་གསར་པ་ཝུའུ་དབྱིང་ཅེ་ནི་༡༩༧༤་ལོ་ནས་བཟུང་ད་རག་བར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་ལས་ཁུངས་འདྲ་མིན་ནང་ལས་ཀ་བྱས་མྱོང་མཁན་ཞིག་ཡིན་ཞིང་། ཁོང་ནི་བོད་ལ་ཡོང་མཁན་རྒྱ་རིགས་ཀྱི་མི་ཐོག་གཉིས་པའི་གྲས་ཡིན་པས་ཁོང་ཚོའི་རིགས་དེ་ལ་རྒྱ་སྐད་དུ་ཙང་ཨེར་ཏེ་ཞེས་འབོད་པ་རེད་ཟེར།

ལོ་༦༠་ལ་སླེབས་ཉེ་བའི་ཝུའུ་དབྱིང་ཅེ་ནི་ཧྲན་ཏུང་ཞིང་ཆེན་གྱི་མི་ཡིན་ལ། ༡༩༧༤་ལོར་ཉིང་ཁྲི་ནས་ལས་ཀ་བྱས་མྱོང་ཞིང་། རིམ་བཞིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགན་འཛིན་གཞོན་པ་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་སྒྲོག་འགན་འཛིན། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགན་འཛིན་གཞོན་པ་སོགས་ཀྱི་འགན་འཁུར་མྱོང་བ་རེད།།

ཕྱི་ལོ་༢༠༡༤་ཟླ་བརྒྱད་པའི་ནང་། ཝུའུ་དབྱིང་ཅེ་ནི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་གཞོན་ཡིན་པའི་སྐབས་སུ་ལྷ་ས་རུ་རྒྱལ་སྤྱིའི་གསར་འགོད་པ་ལ་གསུང་བཤད་གནང་ནས། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་དམིགས་བསལ་སྐུ་ཚབ་དང་འབྲེལ་མོལ་བྱེད་བཞིན་པ་དང་། འབྲེལ་མོལ་གྱི་བརྗོད་གཞི་ནི་ཏཱ་ལའི་བླ་མ་ཕྱིར་བོད་དུ་ཕེབས་མིན་དང་ཁོང་གི་མ་འོངས་པའི་སྐོར་ཡིན་པ་ལས་བོད་ཀྱི་སྐོར་མིན་ཞེས་བཤད་ཡོད་པ་རེད།། ཁྲེན་ཆོན་གོ་ཡིས་བོད་རང་སྐྱོང་ལྗོངས་སུ་དམར་ཤོག་ཚོགས་པའི་ཚོགས་གཙོའི་འགན་འཁུར་ཏེ་ལོ་ལྔ་ཕྱིན་པ་དང་། འགོ་ཁྲིད་འདི་རིགས་ནི་ལོ་ལྔ་རེའི་མཚམས་སུ་བརྗེ་བོ་རྒྱག་སྲོལ་ཡོད་པས་དུས་ལ་བབས་པའི་བརྗེ་བོ་ཞིག་ཡིན་སྲིད་ལ། དེ་བཞིན་དུ་ཁོང་གི་ལས་ཀས་དབུས་གཞུང་གི་འདོད་མོས་མ་ཁེངས་པའང་ཡིན་སྲིད་ཅེས་ཀུན་དགའ་ལགས་ཀྱིས་གསུངས་ཡོད། བོད་གཅིག་པུ་མ་ཡིན་པར་ཧུའུ་ནན་ཞིང་ཆེན་དང་། ཡུན་ནན་ཞིང་ཆེན་གྱི་འགོ་ཁྲིད་ཀྱང་དུས་གཅིག་ཏུ་བརྗེ་སྤོར་བྱས་ཡོད།།

ཝུའུ་དབྱིང་ཅེ་ནི་ལོ་༡༨་སྟེང་ནས་ད་རག་བར་བོད་དུ་བསྡད་ཀྱང་བོད་སྐད་བཤད་མི་ཤེས་པ་དང་། ཡིན་ནའང་བོད་སྐད་ཀྱི་གོ་བ་མང་པོ་ཞིག་ལེན་ཐུབ་པའི་གནས་ཚུལ་ཐོན་ཡོད། ཁོང་གིས་སྲིད་ཇུས་དང་འགྱུར་ལྡོག་ག་འདྲ་ཞིག་གཏོང་རྒྱུ་ནི་རིམ་བཞིན་བརྟག་དགོས་པ་ཞིག་ཆགས་ཡོད།།

XS
SM
MD
LG