ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཧུ་ཡའོ་པང་ལ་རྗེས་དྲན།


༡༩༨༧་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧུ་ཡའོ་པང་གནས་དབྱུང་བཏང་བ་དང་། དེ་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་ཧུ་ཡའོ་པང་གློ་བུར་དུ་འདས་གྲོངས་སུ་གྱུར་ནས་རྒྱ་ནག་གི་ཤེས་ཡོན་ཅན་དང་སློབ་ཕྲུག མི་དམངས་དཀྱུས་མ་བཅས་ཀྱིས་ཧུ་ཡའོ་པང་ལ་མྱ་ངན་དང་རྗེས་དྲན་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཏེ། རིམ་བཞིན་ཧུ་ཡའོ་པང་ལ་མྱ་ངན་བྱེད་པའི་ལས་འགུལ་དེ་དག་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་གྱུར་ཅིང་། དེར་བརྟེན་༡༩༨༩་ལོའི་ཟླ་༦་ཚེས་༤་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ཏེ། འདས་པའི་ལོ་ངོ་༢༤་རིང་ལ་ཧུ་ཡའོ་པང་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སུ་ཉེས་ཅན་པ་ལྟ་བུ་ཞིག་ལ་གྱུར་པ་དང་། ཧུ་ཡའོ་པང་དང་རྒྱ་ནག་གི་དམངས་གཙོའི་ལས་འགུལ་གཉིས་ངོ་བོ་གཅིག་ཏུ་གྱུར་མོད། འོན་ཀྱང་ཕྱི་ཚེས་༡༥་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚགས་པར་ཞིག་དང་གཞུང་གཉེར་གསར་འགྱུར་དྲ་རྒྱ་ཁག་གིས་ཧུ་ཡའོ་པང་ལ་རྗེས་དྲན་དང་བསྔགས་བརྗོད་བྱེད་པའི་རྩོམ་ཡིག་སྤེལ་པ་ཡོད་པ་རེད། རྒྱ་ནག་གི་བཅིངས་འགྲོལ་ཉིན་རེའི་ཚགས་པར་དང་གོ་ལའི་དུས་བབ་ཚགས་པར་གཉིས་ལ་ཧུ་ཡའོ་པང་གིས་རྒྱ་ནག་ཕྱི་ལ་སྒོ་མོ་ཕྱེ་ནས་སྒྱུར་བཅོས་བཏང་བ་དང་། ཁོང་གི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། ཧུ་ཡའོ་པང་གི་ནུས་པ་ཡོད་ཚད་རྒྱལ་ཁབ་ཡར་རྒྱས་གཏོང་བའི་ལས་དོན་ཆེད་དུས་བསྔོས་ཤིང་། ཁོང་གིས་དུས་རབས་སྔོན་མའི་ལོ་རབས་༨༠་ནང་ལག་ལེན་བསྟར་པའི་སྒྱུར་བཅོས་ཀྱི་སྲིད་ཇུས་དང་ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཚོས་ལག་ལེན་བསྟར་བཞིན་པའི་སྒྱུར་བཅོས་ཀྱི་སྲིད་ཇུས་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་རྩོམ་ཡིག་བཀོད་ཡོད་པ་མ་ཟད། རྒྱ་ནག་གི་སི་ཎ་ཝེའི་པའོ་དྲ་རྒྱའི་ནང་དུའང་ང་ཚོས་ལོ་རྒྱུས་ཀྱི་དོན་དངོས་ལ་དང་ལེན་བྱེད་ཐུབ་པའི་སྙིང་སྟོབས་དང་། འདས་པའི་མི་རབས་རྒན་པ་ཚོའི་ཆོད་སེམས་དང་རྣམ་དཔྱོད་སོགས་ནས་ཉམས་མྱོང་ལེན་ཐུབ་པའི་སྙིང་སྟོབས་བསྐྱེད་དགོས་ཞེས་རྩོམ་ཡིག་བྲིས་ཡོད་ལ། རྒྱ་ནག་གི་ཤེས་ཡོན་ཅན་དང་མི་མང་དཀྱུས་མ་ཕོན་ཆེ་ཞིག་སྔོན་ཆད་ཧུ་ཡའོ་པང་བཞུགས་མྱོང་སའི་ཁང་པའི་ནང་དུ་འཛོམས་ནས་མེ་ཏོག་གི་མཆོད་འབུལ་བྱས་པ་དང་རྗེས་དྲན་གྱི་རྩོམ་ཡིག་འབྲི་བའི་ལས་འགུལ་སྤེལ་ཡོད་པ་རེད། སྲིད་དོན་ཉམས་ཞིབ་པ་ཚོས་དབྱེ་ཞིབ་བྱས་པ་ལྟར་ན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་ཕ་ཞིས་ཀྲུང་ཤུན་དང་ཧུ་ཡའོ་པང་གཉིས་བློས་ཐུབ་ཀྱི་གྲོགས་པོ་ཡིན་པ་དང་། ༡༩༨༧་ལོར་ཏིང་ཤའོ་ཕིང་གཙོས་རྒྱ་ནག་གི་མཁྲེགས་འཛིན་ཅན་གྱི་འགོ་ཁྲིད་རྒན་པ་ཚོས་ཧུ་ཡའོ་པང་ལ་གནོན་ཤུགས་སྤྲད་དེ། ཁོང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་ནས་བཙན་ཤེད་ཀྱིས་གནང་བ་ཞུ་རུ་བཅུག་རུང་། ཞིས་ཀྲུང་ཤུན་གྱིས་བློ་སེམས་འགྱུར་བ་མེད་པར་ཧུ་ཡའོ་པང་ལ་རྒྱབ་སྐྱོར་བྱས་པ་དང་། ཉེ་ཆར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གི་སྲིད་དབང་བཟུང་ཡོད་པས། ཉམས་ཞིབ་པ་ཁག་ཅིག་གིས་ཞིས་ཅིན་ཕིང་རང་གི་ཕའི་ཞབས་རྗེས་འབྲངས་ནས་རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་རྒྱུ་ཡིན་མིན་ལྟ་ཞིབ་བྱེད་བཞིན་ཡོད་ཅིང་། ཧུ་ཡའོ་པང་འདས་གྲོངས་སུ་གྱུར་ནས་ལོ་༢༤་འཁོར་པའི་དུས་དྲན་སྐབས་སུ་འདས་པོ་དེར་རྗེས་དྲན་བྱས་ཡོད་པ་དེ་ལ་བལྟས་ཚེ། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཆབ་སྲིད་ལ་སྒྱུར་བཅོས་གཏོང་སྲིད་པའི་རེ་བ་ཅུང་ཟད་ཡོད་པ་དང་། རྒྱ་ནག་གི་རིག་གནས་གསར་བརྗེའི་སྐབས་སུ་ཞིས་ཀྲུང་ཤུན་ཚུད་པའི་ཏང་གི་ཚོགས་མི་དང་ཤེས་ཡོན་ཅན། མི་མང་དཀྱུས་མ་བཅས་རྒྱ་ནག་མི་མང་ས་ཡ་མང་པོར་རྡུང་རྡེག་ཕོག་ནས་གནས་དབྱུང་བཏང་བའམ། ཡང་ན་ཁོང་ཚོ་བཙོན་ཁང་དུ་བཅུག་ནས་འདས་གྲོངས་སུ་གྱུར་པ་དང་། ཧུ་ཡའོ་པང་གི་རིག་གནས་གསར་བརྗེའི་སྐབས་སུ་རྡུང་རྡེག་ཕོག་པའི་མི་མང་འདས་གསོན་གཉིས་དཀར་འདོན་བྱས་ཡོད་པས། རྒྱ་ནག་མི་མང་གི་སེམས་ལ་ཧུ་ཡའོ་པང་དཔལ་འབྱོར་དང་ཆབ་སྲིད་སྒྱུར་པ། རྒྱ་ནག་ལ་གུ་ཡངས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་མཁན་ཡིན་པའི་བག་ཆགས་བཟང་པོ་ཞིག་བཞག་ཡོད་པ་དང་། ཕྱི་ཟླ་༤་ཚེས་༡༥་ཉིན་ཧུ་ཡའོ་པང་གི་བུ། ཧུ་ཏེ་ཧྭ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་རང་ཡུལ་ལ་སྒྱུར་བཅོས་གཏོང་བའི་སྙིང་སྟོབས་བསྐྱེད་ཐུབ་པའི་རེ་བ་ཡོད། རྒྱ་ནག་གི་རྩ་ཁྲིམས་སུ་བཀོད་པའི་གཏམ་བརྗོད་རང་དབང་དང་དཔར་སྐྲུན་རང་དབང་སོགས་ལག་ལེན་བསྟར་གྱི་མེད་པ་དང་། རྒྱ་ནག་ལ་མི་མང་གི་ཐོབ་ཐང་དེ་རྣམས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱང་གཏན་འབེབས་བྱས་མེད། ང་ཚོའི་འགོ་ཁྲིད་གསར་པ་ཚོས་རྒྱ་ནག་མི་མང་ལ་རང་གི་ཐོབ་ཐང་དེ་རྣམས་ལོངས་སུ་སྤྱོད་ཆོག་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་ཐུབ་པའི་རེ་བ་ཡོད། དེ་ལྟར་མ་བྱུང་ན་རྒྱ་ནག་གི་དཀའ་ངལ་དེ་རྣམས་སྔར་ལས་ཇེ་ཆེ་འགྲོ་རྒྱུ་དང་། ཧུ་ཡའོ་པང་ལ་རྗེས་དྲན་བྱས་པའང་དོན་སྙིང་མེད་ཅེས་བཤད་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་འདས་པོ་ཧུ་ཡའོ་པང་གིས་བོད་ལའང་སྒྱུར་བཅོས་ཀྱི་སྲིད་ཇུས་དོན་ཚན་དྲུག་བཏོན་ཡོད་པ་སྟེ། ཁོང་གིས་༡༩༨༠་ཐམ་པ་ཕྱི་ཟླ་༥་ཚེས་༢༩་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འཐུས་མི་༤༥༠༠་ཙམ་གཏམ་བཤད་བྱས་ཏེ། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལ་རོགས་སྐྱོར་བྱས་པའི་དངུལ་སྒོར་རྣམས་ཡར་ཀླུངས་གཙང་པོའི་ནང་དུ་གཡུགས་པ་རེད་དམ་ཞེས་བཀའ་བཀྱོན་བཏང་བ་དང་། ཧུ་ཡའོ་པང་གི་བོད་ལ་སྒྱུར་བཅོས་གཏོང་བའི་སྲིད་ཇུས་དོན་ཚན་དྲུག་བཏོན་པའི་ཁོངས་སུ་བོད་ལ་རང་སྐྱོང་གི་སྲིད་ཇུས་ལག་ལེན་ཚུལ་བཞིན་བསྟར་དགོས་པ་དང་། བོད་མི་དམངས་ལ་ལོ་གསུམ་ནས་ལོ་ལྔའི་བར་དུ་ཞིང་འབྲོག་གི་དཔྱ་ཁྲལ་མེད་པར་གཏོང་རྒྱུ། བོད་ཀྱི་གནས་སྟངས་ལ་འཚམས་པའི་དཔལ་འབྱོར་སྲིད་ཇུས་ཤིག་སླར་གསོ་བྱ་དགོས་པ་དང་། བོད་ཀྱི་ཞིང་འབྲོག་དང་བཟོ་ལས་ཐོན་སྐྱེད་ཡར་རྒྱས་བཏང་ནས་མི་མང་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ། བོད་ལྗོངས་སློབ་གྲྭ་ཆེན་མོ་བཙུགས་ནས་ཚན་རིག་སློག་གསོ་དང་བོད་ཀྱི་རིག་གནས་སློབ་གསོ་གོང་འཕེལ་གཏོང་དགོས་པ་དང་། འདས་པའི་ལོ་མང་རིང་བོད་རང་ལྗོངས་སུ་ལས་དོན་བསྒྲུབས་པའི་རྒྱ་རིགས་ལས་བྱེད་པ་རྣམས་རང་ཡུལ་ཕྱིར་སློག་དགོས་ཞེས་གཏམ་བཤད་བྱས་པ་མ་ཟད། ཧུ་ཡའོ་པང་གིས་༡༩༥༩་ལོར་བོད་མི་དམངས་ཀྱིས་ལྷ་སར་གྱེན་ལོག་ཟིང་འཁྲུག་ལངས་པའི་གཞུག་དང་། ལྷག་པར་དུ་རིག་གནས་གསར་བརྗེའི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ནོར་འཁྲུལ་བྱུང་བ་ངོས་ལེན་བྱས་ཡོད་པ་རེད།།
XS
SM
MD
LG