ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལེགས་བཅོས།


རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཅའ་ཁྲིམས་གཏན་འབེབས་བྱ་འཆར་ཡོད་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དབུས་རྒྱུན་ལས་ལྷན་ཁང་གི་ཚོགས་གཙོ་གཞོན་པ་ཝང་ཀྲའོ་གོ་ཡིས་རྒྱ་ནག་གི་ཉེས་ཁྲིམས་ལམ་ལུགས་ཡར་རྒྱས་བཏང་སྟེ། སྤྱི་དམངས་སྒེར་གྱི་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་ཞེས་རྒྱ་ནག་གི་རྩ་ཁྲིམས་སུ་དོན་ཚན་ཞིག་གསལ་བོ་ཞིག་འགོད་འཆར་ཡོད་པ་དང་། འདི་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་ཁྲིམས་འཛིན་ལམ་ལུགས་བཅས་པ་ཡར་རྒྱས་འགྲོ་བཞིན་པའི་རྟགས་མཚན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་ཁྲིམས་ཁང་དང་ཁྲིམས་འཛིན་ཚན་པ་ཁག་གིས་ཀྱང་རྩ་ཁྲིམས་ཀྱི་དགོངས་དོན་རྣམས་ལག་ལེན་བསྟར་ཕྱོགས་ལའང་ཡར་རྒྱས་ཀྱི་མདུན་སྐྱོད་ཆེན་པོ་ཞིག་ཡིན་ཞེས་བསྔགས་བརྗོད་བྱས་ཡོད་པ་རེད། ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་མི་གང་ཞིག་རང་གི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་སོགས་ལ་འབྲེལ་བ་བྱེད་དུ་མི་འཇུག་པ་དང་། མི་དེ་ཚོ་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མི་དགོས་པར་ཡུན་རིང་བཀག་ཉར་བྱེད་ཀྱི་ཡོད་པའི་ཁྲིམས་དེ་མེད་པར་མ་བཏང་བ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཚོས་གཏན་འབེབས་བྱ་འཆར་ཡོད་པའི་བཅའ་ཁྲིམས་ཟིན་བྲིས་དེས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པའི་ལས་འགན་ཡོད་པ་བསྒྲུབས་ཐུབ་མེད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་མི་གང་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱས་པ། འཇིགས་སྐུལ་རིང་ལུགས་པ་དང་ལྐོག་ཟ་ཆེན་པོ་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ཏེ། མི་དེ་ཚོ་དུས་ཡུན་རིང་པོར་གསང་བའི་ཐོག་ཏུ་བཀག་ཉར་བྱེད་ཀྱི་ཡོད་པ་དེར་འགྱུར་བ་མ་བཏང་ཚེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་ཡར་རྒྱས་ཆེན་པོ་ཞིག་འགྲོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་འསྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG