ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་ཤས་གོང་དེར་ཞིན་ཅང་གི་ཡུ་གུར་པ་ན་གཞོན་ཤེས་ཡོན་ཅན་ཚོས་ཡུ་གུར་སྐད་ཀྱི་དྲ་རྒྱ་ཁག་ཅིག་སྒོ་ཕྱེ་སྟེ། ཁོ་ཚོས་ཡུ་གུར་པའི་ན་གཞོན་ཚོར་རང་གི་ཆོས་དང་རིག་གཞུང་། ཚོང་ལས་དང་དཔལ་འབྱོར། ཚན་རིག་དང་འཕྲུལ་རིག་ལག་རྩལ་བཅས་ཀྱི་ཤེས་བྱ་གསར་པ་སློབ་སྟོན་བྱེད་པའི་ཚོང་ལས་གཉེར་གྱི་ཡོད་ཅིང་། དྲ་རྒྱ་དེ་དག་གི་གཅིག་ནི་དི་ཡ་རིམ་ཞེས་པའི་ཡུ་གུར་སྐད་ཀྱི་དྲ་རྒྱ་ཞིག་ཡིན་ཞིང་། དི་ཡ་རིམ་གྱི་དྲ་ཚིགས་སུ་ཞིན་ཅང་གི་ཡུ་གུར་པ་ཚོས་དཔེ་དེབ་ལྟ་ཀློག་བྱེད་ཐུབ་པ་དང་རང་ལ་མཁོ་བའི་ཤེས་བྱ་འཚོལ་སྒྲུབ། ཚོང་ལས་དྲིལ་བསྒྲགས་དང་རྒྱལ་སྤྱིའི་གསར་འགྱུར་ཁག་ལ་ལྟ་ཉན། ད་དུང་གློག་བརྙན་དང་གླུ་གཞས་སོགས་ལ་ལྟ་ཉན་བྱེད་ཐུབ་པ་དང་། མི་གང་ཞིག་ལ་གསར་འགྱུར་དང་ཚོང་ལས། ཤེས་བྱ་གསར་པ་ཅི་ཞིག་འགྲེམ་སྤེལ་བྱ་རྒྱུ་ཡོད་ཀྱང་དྲ་ལམ་དུ་སྤེལ་ཆོག་པའི་མཐུན་རྐྱེན་མཆོག་ཏུ་གྱུར་པ་ཞིག་ཡིན་པས། དི་ཡ་རིམ་དྲ་ཚིགས་དེ་ཉིད་ཞིན་ཅང་གི་ཡུ་གུར་པ་ཚོ་སྣང་བ་གཡེང་ས་དང་རང་གི་ཐོས་རྒྱ་མཐོང་རྒྱ་ཡར་རྒྱས་གཏོང་སའི་ཁོར་ཡུག་བཟང་པོ་ཞིག་ཡིན་མོད། ཡིན་ནའང་ད་ལྟ་རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་ཡུ་གུར་པའི་སྐད་ཀྱི་དྲ་རྒྱ་དེ་རྣམས་སྒོ་བརྒྱབ་ནས་མེད་པར་ཡོད་པ་དང་། དཔེར་ན་འདས་པའི་ཟླ་བ་བཅུའི་རིང་ལ་རྒྱ་ནག་གཞུང་གིས་ཡུ་གུར་སྐད་ཀྱི་དྲ་བརྒྱ་དང་དྲ་ཚིགས་སུ་སྤེལ་ཟིན་པའི་དཔེ་དེབ་བརྒྱ་ཆ་༨༠་ཐམ་པ་རྩ་མེད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG