ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞིས་ཀ་རྩེ་ཁུལ་གྱི་གམ་པ་རྫོང་གི་བོད་པ་ན་གཞོན་ཞིག་འཛིན་བཟུང་།


པ་སངས་ནོར་བུ་གདོང་པ་ནག་སུབ་བཏང་ཡོད་པ་དེ་རེད།
པ་སངས་ནོར་བུ་གདོང་པ་ནག་སུབ་བཏང་ཡོད་པ་དེ་རེད།

༄༅།། རྒྱ་གཞུང་གིས་ཕྱི་ཟླ་༣་པའི་ཚེས་༡༡་ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་གྱི་གམ་པ་རྫོང་། རྒྱལ་རུས་གྲོང་རྡལ་གྱི་བོད་པ་ན་གཞོན་པ་སངས་ནོར་ཟེར་བ་ཞིག་འཛིན་བཟུང་བྱས་ཏེ་ཉི་མ་འགའ་ཞིག་ཕྱིན་ཀྱང་བཟའ་མི་སྤུན་མཆེད་སོགས་ཀྱིས་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་ཐུག་འཕྲད་ཀྱང་བྱེད་དུ་འཇུག་གི་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། པ་སངས་ནོར་བུ་ནི་རྒྱུན་དུ་གྲོང་སྡེ་ཕན་ཚུན་ལ་འཆམ་མཐུན་ཡོད་མཁན་དང་ཧ་ཅང་གི་ཀུན་སྤྱོད་ཡག་པོ་ཡོད་པས་མི་ཚང་མས་བསྟོད་བསྔགས་བྱ་ཡུལ་གྱི་ན་གཞོན་ཞིག་རེད། དེ་སྔ་ཁོང་གིས་གམ་པ་རྫོང་དམའ་འབྲིང་སློབ་རིམ་གཉིས་པའི་བར་དུ་སློབ་སྦྱོང་བྱས་ཤིང་། དེ་ནས་ཨ་ཕ་འདས་གྲོངས་སུ་ཕྱིན་ཏེ་ནང་མའི་དཀའ་ངལ་གྱིས་སློབ་སྦྱོང་མཐར་སྐྱེལ་མ་ཐུབ་པ་རེད། ཕྱིས་སུ་རྐང་འཁོར་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ཁང་ཞིག་གསར་འཛུགས་བྱས་ནས་ཡུལ་སྐོར་དུ་ཡོང་མཁན་ཚོ་རྐང་འཁོར་བཏང་ནས་གནས་སྐོར་སོགས་སུ་ལམ་ཁྲིད་བྱས་ཏེ་བཟའ་མིའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ཁོང་ལ་རྐང་འཁོར་ཁྱོན་བསྡོམས་བདུན་འདུག རྐང་འཁོར་དེ་དག་ཚང་མ་ཧ་ཅང་ཡག་པོ་ཡོད་པ་དང་གམ་པ་རྫོང་གི་མི་གཞན་ལ་དེ་འདྲ་ཡོད་པ་མ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་འདུག

པ་སངས་ནོར་བུ་གདོང་པ་ནག་སུབ་བཏང་ཡོད་པ་དེ་རེད།
པ་སངས་ནོར་བུ་གདོང་པ་ནག་སུབ་བཏང་ཡོད་པ་དེ་རེད།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། དེ་སྔ་ས་གནས་ཉེན་རྟོག་པ་ཐེངས་གཉིས་ཡོང་ནས་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ཁང་བཙུགས་ཡོད་པ་དེ་སྒོ་རྒྱག་དགོས་ཞེས་སྡིགས་ར་མང་པོ་བསྐུལ། ཡིན་ནའང་སངས་ནོར་བུས་རྒྱ་སྐོར་༡༨༠༠༠་སྤྲད་ནས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྣེ་ལེན་ཞབས་ཁང་ལ་ཐོ་འགོད་བྱས་ནས་ཡུལ་སྐོར་སྣེ་ལམ་ཁྲིད་བྱེད་ཆོག་པའི་ལག་འཁྱེར་བླངས། ལག་འཁྱེར་དེ་ས་གནས་ཉེན་རྟོག་པར་བསྟན་རུང་རྐང་འཁོར་བཏང་ནས་ཡུལ་སྐོར་པ་སྣེ་ཁྲིད་བྱེད་ན་ཁྲིམས་འགལ་ཆེན་པོ་དང་བདེ་འཇགས་མེད་ལུགས་སོགས་བརྗོད་ནས་ཉེས་རྡུང་ཚབས་ཆེན་བཏང་བར་མ་ཟད། ད་དུང་རྐང་འཁོར་ཚང་མ་ས་གནས་ཉེན་རྟོག་པའི་བཙན་འཕྲོག་བྱས་འདུག པ་སངས་ནོར་བུའི་ཨ་མའི་མིང་ལ་འཚམས་སྐྱིད་དང་གཅུང་མོ་ཆོས་སྒྲོན་ཞེས་ལོ་ན་༡༣་ལ་སོན་པ་ཞིག་ཡོད་པ་དེ་ས་གནས་སུ་སློབ་གྲྭར་འགྲོ་བཞིན་ཡོད་ཅིང་། ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་དུ་གཞིས་ཀ་རྩེ་གྲོང་ཁྱེར་ནང་དང་མཐའ་འཁོར་གྱི་གྲོང་སྡེ་སོགས་སུ་ཉིན་མཚན་བསྟུན་མར་ཉེན་རྟོག་པའི་རླངས་འཁོར་གྱི་སྒྲ་གྲག་ཏུ་བཅུག་སྟེ་སྐོར་གཡེང་དང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG